དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འདི་ལོ་རང་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས་170བསྐྲུན་རྒྱུ་ཡིན་པ།

    ཟླ་དང་པོ་དང་གཉིས་པར་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགོ་བསྐྱར་ཚུགས་བྱེད་ཚད་80.2%ཟིན་པ་དང་མ་དངུལ་སྒོར་དུང་ཕྱུར་129.1བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-30

    གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། འདི་ལོ་རང་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས་170བསྐྲུན་རྩིས་ཡོད་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་2030གཏོང་རྩིས་ཡོད་པ་དེས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་རྒྱུ་རེད། ཟླ་དང་པོ་དང་གཉིས་པར་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགོ་བསྐྱར་ཚུགས་བྱེད་ཚད་80.2%ཟིན་པ་དང་མ་དངུལ་སྒོར་དུང་ཕྱུར་129.1བཏང་བ་དེས་དུས་ཚིགས་དང་པོའི་འཆར་གཞིའི་48%ཟིན་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་མཉེས་ཐང་ཟམ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད། རྣམ་གྲངས་དེ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་སྟག་གདོང་གྲོང་ཚོ་ནས་འགོ་བཙུགས་ཏེ་ལྷ་ས་སྐྱིད་ཆུ་འཕྲེད་བརྒལ་གྱིས་ཆུ་ཤུར་རྫོང་མཉེས་ཐང་ཤང་མཉེས་ཐང་བཟོ་ལས་གླིང་བར་ཡིན་པ་རེད། རྣམ་གྲངས་དེར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་3.94བཏང་ནས་རིང་ཚད་ལ་སྤྱི་ལེ་1.81ཡོད་པའི་ཆུ་སྒྲོལ་ཟམ་ཆེན་ཞིག་བསྐྲུན་རྒྱུ་དང་། ཟམ་ངོས་ཀྱི་ཞེང་ཚད་སྨི་ལ་23.5དང་ཕྱོགས་གཉིས་ལ་འཁོར་ལམ་4བསྐྲུན་རྒྱུ། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་50ཇུས་འགོད་བྱེད་རྒྱུ། ལས་གྲྭ་འཛུགས་སྐྲུན་གྱི་སྤྱིའི་ལས་ཡུན་ཟླ་བ་24ཡིན་པ་བཅས་རེད། མཉེས་ཐང་ཟམ་ཆེན་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་འཕྲུལ་ཆས་དང་སྒྲིག་ཆས་ཆེ་གྲས་སྣ་ཚོགས་ཀྱི་ལྡིར་སྒྲས་ཁེངས་པ་དང་བཟོ་པ་ཚོས་ལས་བགོས་ཁ་གསལ་གྱིས་གོ་རིམ་ལྡན་པའི་ངང་ཨར་ལས་ལ་བྲེལ་བཞིན་ཡོད་པ་རེད། རྣམ་གྲངས་དེ་བསྐྲུན་ཟིན་རྗེས་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་དང་སྟག་གདོང་དང་མཉེས་ཐང་བཟོ་ལས་གླིང་ཁུལ་གྱི་འགྲིམ་འགྲུལ་འབྲེལ་མཐུད་ཐུབ་རྒྱུ་རེད།

    དེ་དང་ཆབས་ཅིག ལྷ་སའི་བར་སྐོར་གནའ་གྲོང་གི་སྒྲིག་བཀོད་ལེགས་གཏོང་ལས་གྲྭའི་བྱང་ཁུལ་དུ་བཟོ་པ་ཚོས་འགྲོ་ལམ་གྱི་ཆུ་སྦུག་དྲ་བའི་སྒྱུར་བཀོད་དང་ཆུ་འབུད་སྦུ་གུའི་སྒྱུར་བཀོད་ལས་གྲྭར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་རེད། ཨར་ལས་ཚན་པས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་དཔེ་རིས་ལ་ནན་པོར་གཞིགས་ནས་ཨར་ལས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མྱུར་ཚད་མགྱོགས་སུ་གཏོང་བཞིན་ཡོད་པ་རེད། འཛུགས་སྐྲུན་ཚན་པའི་འགན་འཁུར་བ་པད་མ་རྡོ་རྗེས“ལས་གྲྭ་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་དུས་བཀག་ལྟར་ལེགས་གྲུབ་ཡོང་བའི་འགན་ལེན་བྱ་ཆེད། ང་ཚོས་མི་ཤུགས་དང་འཕྲུལ་ཆས་བེད་སྤྱོད་ཚད་ཆེ་རུ་གཏོང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ལས་ཡུན་བཀོད་སྒྲིག་བྱས་ཏེ་ཟླ་6པའི་ཟླ་འགོར་ཨར་ལས་ལེགས་གྲུབ་ཀྱིས་མང་ཚོགས་འགྲོ་སྐྱོད་སྟབས་བདེ་ཡོང་བ་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས《2025ལོའི་ལྗོངས་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་གཞི》བཀྲམ་ནས“ཟླ་རེར་བཀོད་གཏོང་རེ་དང་། དུས་ཚིགས་རེར་རྩིས་བཤེར་རེ། ལོ་ཕྱེད་ལ་དབྱེ་ཞིབ་རེ། ལོ་མཇུག་ཏུ་ཕྱོགས་སྡོམ་རེ་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་པ་དང་ས་གནས་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་ཁ་གསལ་དང་བྱེད་ཐབས་ཞིབ་ཕྲ་བཟོས་ནས། རྣམ་གྲངས་ལ་སྐུལ་འདེད་བདེ་བླག་གཏོང་བའི་འགན་ལེན་གྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།