ར་བང་ཤང་གིས་ལུ་གུ་སྐྱེ་བསུའི་ལས་ལ་གཞོལ། འབྲོག་ལས་དཀར་ཆུའི་ཐོན་འབབ་བཟང་།
ཞོགས་པའི་ཉི་ཟེར་མངའ་རིས་ས་ཁུལ་རུ་ཐོག་རྫོང་ར་བང་ཤང་ལུ་མ་མཁར་གྲོང་ཚོའི་འབྲོག་ལས་སྒྱུར་བཅོས་མཉམ་ལས་ཁང་གི་ལྷས་རའི་ནང་འཕྲོས་སྐབས། དེ་གར་གསོ་སྤེལ་ལ་གཞོལ་བའི་སྐལ་བཟང་ནོར་བུས་ཉིན་རེའི་ལས་ཀ་བྱེད་འགོ་ཚུགས། ཁོང་གིས་ལྷས་རའི་ནང་ཕར་རྒྱུག་ཚུར་རྒྱུག་བྱས་ཏེ་བྱང་ཆུབ་པོས་སྐྱེས་མ་ཐག་པའི་ལུ་གུར་གཟན་རྩྭ་དང་འོ་མ་སྟེར་བའི་ལས་ལ་ཧུར་ཐག་གཞོལ་བཞིན་ཡོད།
“འདི་ལོ་ལུ་གུ་སྐྱེ་ཚད་ཧ་ཅང་མཐོ་པོ་འདུག མིག་སྔར་ངས་ལུ་གུ་70ལྷག་ཙམ་སྐྱེ་བསུ་བྱས་པ་ཡིན། ལུ་གུ་དེ་དག་མཐོང་སྐབས་སེམས་ནང་དགའ་ལྷང་ལྷང་ཞིག་འོང་གི་འདུག”ཅེས་སྐལ་བཟང་ནོར་བུས་སྤྲོ་བ་དཔག་མེད་ངང་བཤད།
ལུ་གུ་སྐྱེ་བསུ་དང་གཡོག་བྱེད་ལས་ཀ་ནི་འབྲོག་པའི་ཡོང་འབབ་དང་འབྲེལ་བ་ཡོད་ལ། ལྷག་པར་དུ་འབྲོག་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འོང་བ་དང་ཡང་འབྲེལ་བ་ཡོད། མིག་སྔར་འགག་རྩའི་དུས་ཡིན་སྟབས། དཔྱིད་དུས་འབྲོག་ལས་ཐོན་སྐྱེད་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་ཆེད། ལུ་མ་མཁར་གྲོང་ཚོས་ཕྱུགས་རིགས་ལག་ཡོད་མགོ་གྲངས་དང་གཟན་རྩྭའི་གྲབས་གསོག་གནས་ཚུལ་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་། གསོ་ཚགས་ར་བར་བསྐྱོད་དེ་ལུ་གུ་སྐྱེ་བསུ་དང་གཡོག་བྱེད་དགོས་མཁོར་བརྟག་ཞིབ་བྱས་ནས་ཁ་གཏད་འཇལ་བའི་ཇུས་གཞི་སྔ་སྣུར་ནས་བཟོས་པ་རེད།
ལུ་མ་མཁར་གྲོང་ཚོའི་ཚན་རྩལ་ཆེད་བསྐོས་པ་བཀྲ་ཤིས་ཆོས་འབྲུག་གིས “ང་ཚོས་སྔ་སྣུར་ནས་འབྲོག་པར་གཟན་རྩྭ་དང་གཟན་ཆག་འདང་ངེས་སྤྲད་པ་མ་ཟད། ལུ་གུ་སྐྱེ་བསུ་དང་གཡོག་བྱེད་བྱེད་སྟངས་གསོ་སྦྱོང་བྱས་ནས་ཚང་མར་ལུ་གུ་མ་སྐྱེས་གོང་གི་མ་མའི་འཚོ་བཅུད་དོ་སྙོམས་བྱ་ཐབས་བསླབས་ཡོད། མིག་སྔར། གྲོང་ཚོར་གསར་དུ་སྐྱེས་པའི་ཕྱུགས་ཕྲུག་མགོ་གྲངས་2489ཟིན་པ་དང་གསོན་ཚད་ཀྱང་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དེས་ང་ཚོར་གྲུབ་འབྲས་ཐོབ་སྣང་ཆེན་པོ་བྱུང”ཞེས་བཤད།
བསྡོམས་རྩིས་ལ་གཞིགས་ན། མིག་སྔའི་བར། ར་བང་ཤང་ལ་གསར་དུ་སྐྱེས་པའི་ལུ་གུའི་གྲངས་འབོར་13288ཟིན་པ་དང་གསོན་ཚད་90%ཡན་རྒྱུན་འཁྱོངས་ཐུབ་པ་ནི། དུས་འགོའི་གྲ་སྒྲིག་ལས་དོན་འདང་ངེས་དང་ཚན་རིག་དང་མཐུན་པའི་གསོ་ཚགས་ཀྱི་མཛུབ་ཁྲིད་བྱས་པ་ལས་བྱུང་བ་ཞིག་རེད།
ར་བང་ཤང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་བློ་བཟང་སྦྱིན་པས“གོམ་སྟབས་རྗེས་མར། ང་ཚོས་ལུ་གུ་སྐྱེ་བསུ་དང་གཡོག་བྱེད་ལས་དོན་ལ་མུ་མཐུད་དོ་སྣང་དང་ལག་རྩལ་ཐོག་ནས་ཞབས་འདེགས་ཞུ་ནུས་སྔར་བས་ཆེ་རུ་བཏང་སྟེ། ལུ་གུ་སྐྱེ་བསུ་དང་གཡོག་བྱེད་ལས་དོན་ཁྲོད་འཕྲད་པའི་གནད་དོན་དུས་ཐོག་ཐག་གཅོད་བྱས་ནས། འདི་ལོའི་འབྲོག་ལས་ལ་དཀར་ཆུ་ཡག་པོ་འོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་ཀྱི་ཡིན”ཞེས་གསར་འགོད་པར་བཤད་བྱུང་།