ཀྲུང་ཧྭའི་ཤེས་དཔལ་ལ་ཞི་བདེའི་རང་བཞིན་མངོན་ཆེ་ལྡན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གསུངས་དོན། “ཀྲུང་ཧྭའི་ཤེས་དཔལ་ལ་ལྡན་པའི་ཞི་བདེའི་རང་བཞིན་གྱིས་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་སྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་ཡིན་པ་རྩ་བའི་ཐོག་ནས་གཏན་འཁེལ་བ་དང་། ཀྲུང་གོས་རྒྱུན་ཆད་མེད་པར་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ལས་རིག་གནས་བཙན་དབང་མི་བྱེད་པའི་གཏན་འཁེལ་བ། ཀྲུང་གོས་རང་ཉིད་ཀྱི་རིན་ཐང་འདུ་ཤེས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་མི་གཞན་ལ་བཙན་འགེལ་མི་བྱེད་པའི་གཏན་འཁེལ་བ། ཀྲུང་གོས་མཉམ་ལས་མཐའ་འཁྱོངས་དང་འགྲན་རྒོལ་མི་བྱེད་པ་དང‘རིས་ཆད་གཞན་རྒོལ’གྱི་ཚོགས་པ་ཆུང་ངུ་རྩ་བ་ནས་མི་འཛུག་པའི་གཏན་འཁེལ་ཡོད། ཞི་བདེ་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་ལྟེ་བའི་རིན་ཐང་གི་གྲས་ཤིག་ཡིན་ལ། ཞི་བདེའི་རང་བཞིན་ནི་ཀྲུང་ཧྭའི་ཤེས་དཔལ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཀྱང་ཡིན།
ཀྲུང་ཧྭ་མི་རིགས་ནི་སྔར་ནས་ད་བར་ཞི་བདེར་བརྩི་བཀུར་བྱེད་མཁན་མི་རིགས་ཤིག་ཡིན། གནའ་བོའི་གསུང་རབ་ནང་ཞི་བདེའི་རིན་ཐང་འདུ་ཤེས་མང་པོ་འདུས་ཡོད་པ་དང་འདུ་ཤེས་དེ་དག་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཡོད། དཔེར་ན། “མཐུན་པ་ནི་མཆོག་ཡིན”ཞེས་པ་དེས་འཆམ་མཐུན་མཉམ་གནས་ཀྱི་གལ་ཆེའི་རང་བཞིན་ནན་བཤད་བྱས་ཡོད། “རྒྱལ་ཁབ་ཞི་ཞིང་དམངས་རྣམས་བདེ”དང“ཁྱིམ་ཚང་འཆམ་མཐུན་ལས་རིགས་ཀུན་དར”ཞེས་པ་དེས་རྒྱལ་ཁབ་དང་ཁྱིམ་ཚང་གི་ངོས་ནས་ཞི་བདེ་བརྟན་ལྷིང་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་ནན་བཤད་བྱས་ཡོད།
ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་བའི་ཐད། ཀྲུང་ཧྭའི་ཤེས་དཔལ་གྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་མཐུན་སྦྱོར་དང་ཕན་ཚུན་བརྩི་འཇོག་བྱེད་དགོས་ལུགས་ནན་བཤད་བྱས་ནས་སྤུན་ཟླ་བཞིན་མཛའ་གྲོགས་འཆམ་མཐུན་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ནི་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་དམག་འཁྲུག་གིས་རྒྱལ་ཁབ་ཉམས་རྒུད་དང་མི་སེར་ལ་གནོད་འཚེ་ཕོག་ངེས་ཡིན་པའི་ངོས་འཛིན་བྱས་ཏེ་ཞི་བདེའི་བྱེད་ཐབས་ལ་བརྟེན་ནས་རྩོད་གཞི་ཐག་གཅོད་བྱེད་པ་དང་རྒྱལ་ཁབ་ཀྱི་ཡུན་རིང་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དར་སྤེལ་བཏང་ཡོད། ཀྲུང་གོ་ནི་ལོ་རྒྱུས་ཐོག་འཛམ་གླིང་ཐོག་གི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་རྒྱལ་ཁབ་གྲས་ཤིག་ཡིན་པ་དང་རྒྱལ་ཁབ་གཞན་ལ་མི་སེར་སྤེལ་བ་དང་བཙན་འཛུལ་བྱེད་པའི་ལོ་རྒྱུས་ཀྱི་ཟིན་ཐོ་མཐོང་རྒྱུ་མེད། འདིས་ཀྲུང་ཧྭའི་ཤེས་དཔལ་ཁྲོད་ཀྱི་ཞི་བདེའི་སྲོལ་རྒྱུན་མཚོན་ཡོད། དཔེར་ན། མིང་རྒྱལ་རབས་ཀྱི་ཀྲེན་ཧོ་ཧིན་རྡུ་རྒྱ་མཚོར་བསྐྱོད་སྐབས། སྐབས་དེ་དུས་འཛམ་གླིང་ཐོག་གི་དམག་གྲུ་རུ་ཁག་ཆེ་ཤོས་ཀྱི་སྣེ་ཁྲིད་ཡོད་མོད། འོན་ཀྱང་ལམ་རྒྱུད་ཀྱི་མངའ་ཁོངས་བཙན་བཟུང་བྱས་མེད་པར། དར་གོས་དང་། རྫ་ཆས། ཇ་ལོ་བཅས་ཁྱེར་ནས་ཚོང་དོན་དང་མཛའ་གྲོགས་འབྲེལ་བར་སྐུལ་འདེད་བཏང་ཡོད། ལོ་རྒྱུས་ཀྱི་དོན་དངོས་དེ་ལས་ཀྲུང་གོའི་གནའ་རབས་ཀྱི་མཚོ་ཐོག་ཚོང་དོན་ཐད་ཀྱི་ཞི་བདེ་དང་གཉིས་ཁེ་གཉིས་ཕན་གྱི་རྣམ་འགྱུར་མངོན་ཡོད། སྲོལ་རྒྱུན་གྱི་ཞི་བདེའི་འདུ་ཤེས་དེ་དེང་སྐབས་ཀྱི་ཀྲུང་གོར་སྔར་བཞིན་གནས་ཡོད། ད་ཆ་ང་ཚོས་ཞི་བདེའི་ངང་འཕེལ་རྒྱས་གཏོང་རྒྱུ་དར་སྤེལ་ཧུར་ཐག་གཏོང་བ་དང་། སྐད་ཆ་ཤོད་རེས་དང་། མཉམ་ལས། གཉིས་ཕན་བཅས་ལ་བརྟེན་ནས་རྒྱལ་སྤྱིའི་རྩོད་གཞི་ཐག་གཅོད་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ང་ཚོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་པ་ནི་ཀྲུང་གོས་གོ་ལ་ཧྲིལ་པོའི་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། མཉམ་སྐྲུན་རྒྱལ་ཁབ་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་དར་རྒྱས་གོང་འཕེལ་མངོན་འགྱུར་བྱེད་པ་ཞིག་ཡིན། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དར་སྤེལ་གཏོང་བ་ནི་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་ལུགས་ནན་བཤད་བྱས་པ་ཞིག་རེད།
ཀྲུང་གོའི་ལོ་རྒྱུས་དང་ལག་ལེན་གྱིས་ཀྲུང་ཧྭའི་ཤེས་དཔལ་གྱི་ཞི་བདེའི་རང་བཞིན་ར་སྤྲོད་གང་ལེགས་བྱས་ཡོད། དེང་གི་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་སྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་ཡིན། དུས་དང་རྣམ་པ་ཀུན་ཏུ་འགྱུར་ལྡོག་འགྲོ་བའི་རྒྱལ་སྤྱིའི་དུས་བབ་འོག་ཀྲུང་གོས་མུ་མཐུད་རྒྱལ་སྤྱིའི་འགན་འཁྲི་འཁུར་ནས་ཡུན་རིང་ཞི་བདེ་དང་ཐུན་མོང་དར་རྒྱས་ཀྱི་འཛམ་གླིང་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་ངེས་རེད།