བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་བརྩམས་པ།
ཟླ་3ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བཀྲམ་པའི《དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》རྒྱབ་ཤ་དཀར་པོའི་དེབ་ལ་རང་ལྗོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་རྒྱབ་ཤ་དཀར་པོའི་དེབ་ནང་གྲངས་གཞི་ཞིབ་ཕྲར་བརྟེན་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་བརྗིད་ཉམས་ལྡན་པའི་འཕེལ་རྒྱས་བརྒྱུད་རིམ་སྐོར་ངོ་སྤྲོད་བྱས་པ་དང་། གངས་ལྗོངས་ས་མཐོར་མི་རིགས་ཁག་གི་མི་དམངས་ལ་ལ་རྒྱ་དང་། རང་དབང་། འདྲ་མཉམ་བཅས་ལོངས་སུ་སྤྱོད་རྒྱུ་གང་ལེགས་བྱུང་ཡོད། མིག་སྔར། བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་བརྟན་ཐོག་ཡར་འཕེལ་བྱུང་ནས་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་དང་། མི་རིགས་མཐུན་སྒྲིལ། རིག་གནས་རྒྱུན་འཛིན་དང་མཉམ་འདྲེས་བཅས་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་ངོས་འཛིན་མགྲིན་གཅིག་ཏུ་བྱས་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་འགན་སྲུང་བྱ་རྒྱུ་དེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ནང་དོན་གལ་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས། བོད་ཀྱི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་པར་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ལག་ལེན་བསྟར་བ། འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་སྐུལ་འདེད་ཤུགས་ཆེན་གཏོང་བ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། སྤྱི་དམངས་ཀྱི་ཁེ་དབང་དང་། ཆབ་སྲིད་ཀྱི་ཁེ་དབང་། དེ་བཞིན་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་མཐུན་སྦྱོར་ངང་གོང་སྤེལ་གཏོང་བ་བཅས་བྱས་ཏེ། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་མི་རིགས་ཁག་གི་མི་དམངས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཧུར་ཐག་བཏང་ནས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།
བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་དབྱང་ཅེ་ལ་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས། ལོ་66གི་གོང་དུ་བོད་གསར་པ་འདི་ཉིད་ཏང་གི་འགོ་ཁྲིད་འོག་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་སྒྱུར་བཅོས་མཐར་ཕྱིན་བྱེད་པ་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་གཏོང་བའི་སྤྱི་ཚོགས་གསར་བརྗེའི་ཁྲོད་དབུ་བརྙེས་ཡོད། ལོ་66གི་རིང་། ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་འགོ་ཁྲིད་བྱས་ནས་དཀའ་སྤྱད་ལས་སྒྲུབ་དང་དཀའ་ངལ་གཙང་སེལ་གྱིས་མི་དམངས་རང་ཁྱིམ་རང་བདག་གི་ཁེ་དབང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། དམངས་འཚོ་རྒྱུན་མཐུད་ལེགས་སུ་ཏན་ཏིག་བཏང་བ། ཁྲིམས་སྐྱོང་འཐུས་སྒོ་ཚང་དུ་ནུས་ལྡན་བཏང་ཁར། ཀྲུང་གོ་གུང་ཁྲན་ཏང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་འགན་ལེན་བྱེད་པའི་བཀོད་སྒྲིག་གལ་ཆེན་དེ་བོད་དུ་ལག་བསྟར་དོན་འཁྱོལ་གང་ལེགས་བྱུང་ནས་མི་དམངས་རྒྱལ་ཁབ་ཀྱི་བདག་པོ་དངོས་ལ་གྱུར་ཡོད་ཅེས་བརྗོད།
ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་ལས་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཀའོ་ཅིན་ལུང་གིས། “ཁྲིམས་འཛུགས་ལས་དོན་སྒྲུབ་རིང་། ང་ཚོས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་བཞིན་ཁྲིམས་འཛུགས་བཅས་མཐའ་འཁྱོངས་བྱས་ཤིང་། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་དང་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད། ཁྲིམས་འཛུགས་ཀྱི་རེག་ཚོར་ཆེ་རུ་བཏང་ནས་ཁྲིམས་འཛུགས་ཁག་རེ་རེ་ལས་མི་དམངས་ཀྱི་འདོད་བློ་མངོན་པ་དང་མི་དམངས་ཀྱི་བརྩི་བཀུར་ཐོབ་པར་འགན་ལེན་བྱས་ཡོད”ཅེས་བཤད།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཐེན་མཱ་མི་རིགས་མཐུན་སྒྲིལ་ཚོང་སྐོར་ནི་བོད་རིགས་དང་། དབྱིས་རིགས། ཧོར་རིགས། རྒྱ་རིགས། ཧུད་རིགས་སོགས་མི་རིགས་ལས་གྲུབ་པའི་མི་རིགས་མང་བའི་ཚོང་སྐོར་ཞིག་ཡིན། ཚོང་པ་བློ་བཟང་པད་མས“ལོ་འདི་དག་རིང་། གྲོང་ཁྱེར་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་སོང་བ་དང་། ལྷག་པར་དུ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་ཆབས་ཅིག་འདི་གར་ཚོང་ལས་དར་རྒྱས་བྱུང་བ་མ་ཟད། མི་རིགས་ཁག་གི་མི་དམངས་དབར་ཕན་ཚུན་མཐུན་སྒྲིལ་ལྡན་པ་དང་། རྨང་གཞིའི་སྒྲིག་བཀོད་སྣ་ཚོགས་གང་དགོས་ཅི་འཛོམས་ཡོད་པ། སྡེ་ཁུལ་དུ་འཕྲོད་བསྟེན་ཞབས་ཞུ་ཁང་ཡོད་པ། ཉེ་འཁོར་དུ་བུ་བཅོལ་ཁང་དང་སློབ་གྲྭ་འབྲིང་ཆུང་ཡང་ཡོད། མི་རིགས་ཁག་གི་མང་ཚོགས་ལ་རྒས་དུས་འཚོ་རྟེན་ཡོད་པ་དང་གཞོན་དུས་སློབ་གསོ་ཐོབ་པས་ཁྱིམ་ཚང་གཅིག་གི་ནང་མི་ལྟར་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད། འདི་ནི་ང་ཚོའི་འཚོ་བ་དངོས་ཡིན”ཞེས་བཤད།