ན་ནིང་ཟླ་བརྒྱད་པ་ཚུན།
འཛད་སྤྱོད་པས་རྙིང་པ་གསར་བརྗེས་ཀྱི་ཁྱིམ་སྤྱོད་གློག་ཆས་ཁྲི་དགུ་སྟོང་ཙམ་ཉོས་པ།
2025ལོའི་རྒྱལ་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་འཛད་སྤྱོད་དུས་ཚིགས་ཀྱི་འགོ་འཛུགས་མཛད་སྒོ་ཉིན་ཤས་གོང་ཧྲང་ཧའེ་རུ་འཚོགས་པ་རེད། འགོ་ཚུགས་མཛད་སྒོའི་ཐོག་ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འཛད་རྫས་རྙིང་པ་གསར་བརྗེས་ཀྱི་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག 2024ལོའི་ཟླ་8པ་ནས་ད་བར་འཛད་སྤྱོད་པས་རྙིང་པ་གསར་བརྗེས་ཀྱི་ཁྱིམ་སྤྱོད་གློག་ཆས་ཁྲི་9000ཙམ་ཉོས་པ་རེད། འདི་ལོ་ཚུན་རྙིང་པ་གསར་བརྗེས་ཀྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་པས་མིག་སྔའི་བར་འཛད་སྤྱོད་པ་ཁྱོན་ཁྲི་2020.8ཀྱིས་ཁྱིམ་སྤྱོད་གློག་ཆས་རིགས་ཆེ་གྲས་12ཀྱི་ཐོན་རྫས་ཁྲི་2757.2ཉོས་ནས་ཕྱིར་ཚོང་སྒོར་དུང་ཕྱུར་930.8སྐུལ་ཁྲིད་ཐུབ་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག “2024ལོའི་ཀྲུང་གོའི་བེད་མེད་གློག་ཆས་དང་གློག་རྡུལ་ཐོན་རྫས་ཚུར་བསྡུ་ཐག་གཅོད་ལས་རིགས་ཀྱི་འཕེལ་རྒྱས་སྙན་ཞུ”དང“2025ལོའི་ཁྱིམ་སྤྱོད་གློག་ཆས་འཛད་སྤྱོད་ཀྱི་འཕེལ་ཕྱོགས”ཁྱབ་བསྒྲགས་བྱས་པ་རེད། ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་བརྗེས་ཀྱི་སྲིད་ཇུས་ལ་ཤུགས་སྣོན་རྒྱག་པ་དང་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་བསྟུན་ཁྱིམ་སྤྱོད་གློག་ཆས་རིག་ནུས་ཐོན་རྫས་ལ་བརྗེ་བ་འཛད་སྤྱོད་ཀྱི་འཕེལ་ཕྱོགས་གཙོ་བོར་གྱུར་ནས་ལྗང་མདོག་འཛད་སྤྱོད་ཀྱི་འདུ་ཤེས་ཆགས་པ་མ་ཟད། བདེ་འཇགས་ཀྱི་ཁྱིམ་སྤྱོད་གློག་ཆས་སྤྱོད་པའི་འཛད་སྤྱོད་པའི་དགོས་མཁོའང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། གྲངས་གཞི་ལས་མངོན་པར། 2024ལོར་རང་རྒྱལ་གྱི་ཚོན་ཁྲ་ཅན་གྱི་བརྙན་འཕྲིན་དང་། དྲོད་སྙོམ་འཕྲུལ་ཆས། འཁྱག་སྒམ། གོས་འཁྲུད་འཕྲུལ་ཆས། ཐབ་ཚང་གི་གློག་ཆས་བཅས་ཀྱི་ཁྲོམ་རའི་རིག་ནུས་ཐོན་རྫས་སིལ་ཚོང་བྱེད་ཚད་ཀྱིས་བཟུང་བའི་བསྡུར་ཚད་50%ལས་བརྒལ་ཡོད་པ་རེད།