དགོས་པ་མེད་ན“གསང་རྟགས་མི་དགོས་པའི་དངུལ་སྤྲོད་འབོ”ཁ་འབྱེད་མི་རུང་།
མི་རིང་བའི་གོང་། ཧྲན་ཤིས་ཀྱི་འཛད་སྤྱོད་པ་སྐུ་ཞབས་དབྱང་ལགས་ཞོགས་པར་གཉིད་ལས་སད་དུས་རང་ཉིད་ཀྱི་སྐད་འཕྲིན་དང་དངུལ་སྤྲོད་འབོ་ནས་ཐོ་རེངས་ཆུ་ཚོད་3པའི་ཡས་མས་སུ་གང་ཡིན་འདི་ཡིན་མེད་པར་དངུལ་ཁག་7གྱི་ཐོག་ནས་ཁྱོན་སྒོར་4526འཐེན་ཡོད་པ་རེད། དངུལ་འཐེན་པའི་རྩིས་ཐོའི་ཆ་འཕྲིན་ལས་མངོན་པ་ལྟར་ན། དངུལ་ཁག་7པོ་དེ་དག་སྔོན་ལ་ཁོང་གི་ཀུ་ཤུའི་ལག་ཐོགས་ཁ་པར་གྱི་རྩིས་ཐོའི་ནང་བླུགས་པ་དང་དེ་རྗེས་ལག་ཐོགས་ཁ་པར་གྱི་རོལ་རྩེད་མཉེན་ཆས་ཤིག་ནས་རོལ་རྩེད་ཡོ་ཆས་ཐེངས་13ཉོས་མོད། འོན་ཀྱང་སྐུ་ཞབས་དབྱང་ལགས་ཀྱིས་ལག་ཐོགས་ཁ་པར་ནང་གི་རོལ་རྩེད་དེ་གཏན་ནས་རྩེ་མྱོང་མེད་པས། རང་ཉིད་ཀྱི་རྩིས་ཐོ་གཞན་གྱིས་བརྐུས་ཏེ་ཕ་རོལ་པོས་གསང་རྟགས་མི་དགོས་པར་དངུལ་སྤྲོད་འབོ་ནས་དངུལ་བརྐུས་པ་ཤེས། གནས་ཚུལ་དེ་རིགས་སྐུ་ཞབས་དབྱང་ལགས་གཅིག་པུར་ཐོན་པ་ཞིག་མིན།
ཉེ་ཆར་ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོཌ་ལ“གསང་རྟགས་མི་དགོས་པའི་དངུལ་སྤྲོད་འབོ”བརྒྱུད་འཛད་སྤྱོད་པའི་རྩིས་ཐོའི་དངུལ་བརྐུས་པའི་ཞུ་གཏུག་གཅིག་རྗེས་གཉིས་མཐུད་དུ་འབྱོར་ཡོད། ཁོང་ཚོའི་སྐད་འཕྲིན་དང་དངུལ་སྤྲོད་འབོ་ནས་གང་ཡིན་འདི་ཡིན་མེད་པར་དངུལ་གྲངས་མང་པོ་འཐེན་པའི་ནང་གནོད་འཚེ་ཕོག་མཁན་མང་ཆེ་བའི་དངུལ་རོལ་རྩེད་ཀྱི་ཡོ་ཆས་ཉོ་བའམ་ཡང་ན་རོལ་རྩེད་ཀྱི་སྤ་སེ་ཉོས་ཡོད།
གྲངས་འཛིན་དཔལ་འབྱོར་གྱི་དུས་རབས་སུ“གསང་རྟགས་མི་དགོས་པའི་དངུལ་སྤྲོད་འབོ”མི་མང་པོའི་གདམ་གར་གྱུར་ཡོད། འོན་ཀྱང་བྱེད་ཐབས་དེ་གལ་ཏེ་ཁྲིམས་འགལ་བས་སྤྱད་ཚེ། བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་ཚབས་ཆེན་བཟོ་སྲིད་པས། འཛད་སྤྱོད་པས་དྲ་ཐོག་ནས་དངོས་ཟོག་ཉོ་སྐབས་ལག་ཐོགས་ཁ་པར་གྱི“གསང་རྟགས་མི་དགོས་པའི་དངུལ་སྤྲོད་འབོ”སྤྱོད་པར་ཡིད་གཟབ་བྱེད་དགོས་པ་དང་། རྩིས་ཐོའི་དབང་ཚད་ཁ་ཕྱེ་དྲགས་པའི་དབང་གིས་མ་དངུལ་གྱི་གྱོང་གུན་ཕོག་པར་ཡིད་གཟབ་བྱེད་དགོས།
“གསང་རྟགས་མི་དགོས་པར་དངུལ་སྤྲོད་འབོ”ལས་དངུལ་རྐུ་ཤོར་དོན་ཅི་ཡིན།
གཅིག་ནས་ལག་ཐོགས་ཁ་པར་བོར་བརླག་སོང་བའམ་ཡང་ན་རྩིས་ཐོའི་ཨང་གྲངས་ཕྱིར་གྱར་སྐབས་ཉེན་ཁ་ཆེན་པོ་ཡོད། གལ་ཏེ་མི་གཞན་ལ་རང་གི་རྩིས་ཐོའི་ཨང་གྲངས་སམ་ཡང་ན་སྒྲིག་ཆས་རག་ཚེ“གསང་རྟགས་མི་དགོས་པའི་དངུལ་སྤྲོད་འབོ”བརྒྱུད་ཐད་ཀར་འཛད་སྤྱོད་བྱེད་པའམ་ཡང་ན་ཞབས་ཞུ་འདྲ་མིན་ཉོ་ཆོག་པ་མ་ཟད། ར་སྤྲོད་ཐེངས་གཉིས་པ་བྱེད་དགོས་མེད། གཉིས་ནས་གསང་རྟགས་མི་དགོས་པར་གྲངས་འབོར་ཉུང་བའི་དངུལ་ཐེངས་མང་འཐེན་ཚེ། གྱོང་གུན་ཆེན་པོ་ཕོག་སྲིད། ལས་སྟེགས་ཁག་གཅིག་གི་གསང་རྟགས་མི་དགོས་པའི་གྲངས་བཅད་ལ་རྩིས་ཐོ་རེའི་དངུལ་གྲངས(དཔེར་ན་སྒོར་1000མན་ལྟ་བུ)མཐོ་ཤོས་གཏན་འཁེལ་བྱས་ཡོད་ཀྱང་། དུས་ཡུན་ཐུང་ངུའི་ནང་ཐེངས་གྲངས་མང་པོ་འཐེན་ཚེ། དཔལ་འབྱོར་གྱི་གྱོང་གུན་ཅུང་ཆེན་པོ་ཕོག་སྲིད། གསུམ་ནས་ལྐོག་འགྱུར་རང་བཞིན་ཆེ་བས་དུས་ཐོག་ཏུ་ཚོར་དཀའ། དངུལ་རྐུ་སྤྲོད་ཀྱི་ཉོ་ཚོང་ནི་རྒྱུན་དུ་མགོ་སྦྲེལ་བྱས་པའི་གཏོང་སྤྲོད་ལས་སྟེགས་ཀྱི་དྲ་རྒྱའི་ཞབས་ཞུ(དཔེར་ན་རོལ་རྩེད་ལ་དངུལ་བླུགས་པ་དང་APPཡི་མངགས་ཉོ)བརྒྱུད་དངུལ་རྐུ་བ་དང་། ཡང་ན་ལག་ཐོགས་ཁ་པར་གྱི་བདག་པོ་གཉིད་ཡུར་བའི་དུས་སུ་དངུལ་རྐུ་གི་ཡོད་པས། འཛད་སྤྱོད་པས་ཤེས་དུས་དངུལ་ཐེངས་མང་འཐེན་ཚར་བ་རེད།
འབྲེལ་ཡོད་ཀྱི་ཉེན་ཁར་རང་འགུལ་ངང་དོགས་ཟོན་ཇི་ལྟར་བྱེད་དགོས་སམ།
གཅིག་ནས་དགོས་པ་མེད་ན“གསང་རྟགས་མི་དགོས་པའི་དངུལ་སྤྲོད་འབོ”ཁ་འབྱེད་མི་རུང་། འཛད་སྤྱོད་པས་སྔོན་ལ་གསང་རྟགས་མི་དགོས་པའི་ནུས་པ་བཀག་ནས་དེ་དངུལ་སྤྲོད་འབོ་དང་། སྐད་འཕྲིན། དངུལ་ཁང་གཱ་བཅས་དང་མགོ་སྦྲེལ་བྱས་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། “གསང་རྟགས་མི་དགོས་པའི་དངུལ་སྤྲོད་འབོ”ཡི་དབང་ཚད་འགོག་དགོས། གཉིས་ནས་རྩིས་ཐོའི་བདེ་འཇགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དཔེར་ན། རྙོག་འཛིང་ཆེ་བའི་གསང་རྟགས་བཟོ་བ་དང་འབྲེལ་རྟག་ཏུ་བརྗེ་པོ་རྒྱག་དགོས། སྐྱེས་སྐར་དང་སྟར་ཆགས་ཀྱི་གྲངས་ཀ་སོགས་སྟབས་བདེའི་གསང་རྟགས་མི་སྤྱོད་པ་མ་ཟད། ཁས་ལེན་དཔང་འདོན་ཉིས་བརྩེགས་ཀྱི་ནུས་པ་ཁ་ཕྱེ་ནས་རྩིས་ཐོ་ངན་སེམས་ཀྱིས་ཐོ་འཇུག་བྱེད་པར་སྔོན་འགོག་བྱེད་དགོས། དེ་ནས་དགོས་པ་མེད་པའི་གཏོང་སྤྲོད་ཁ་བཀག་དགོས། གསུམ་ནས་སྤྱི་པའི་WiFiསྤྱོད་པར་ཡིད་གཟབ་བྱས་ཏེ། སྤྱི་པའི་དྲ་རྒྱའི་ཁོར་ཡུག་འོག་གཏོང་སྤྲོད་བཀོལ་སྤྱོད་མི་བྱེད་པ་དང་། དྲ་རྒྱའི་ཉ་འཛིན་ནམ་ཡང་ན་གྲངས་གཞི་བཅད་ལེན་བྱེད་པར་སྔོན་འགོག་བྱེད་དགོས། བཞི་ནས་དུས་བཀག་ལྟར་རྩིས་ཐོར་ཞིབ་བསྡུར་བྱེད་པའི་གོམས་གཤིས་འཇགས་པར་བྱེད་དགོས། འཛད་སྤྱོད་པས་དུས་ཐོག་ཏུ་རྩིས་ཐོའི་བརྡ་ཐོར་ལྟ་དགོས་པ་དང་། དངུལ་སྤྲོད་འབོ་དང་། སྐད་འཕྲིན། དངུལ་ཁང་བཅས་ཀྱིས་བསྐུར་བའི་དངུལ་འཐེན་འཕྲིན་ཐུང་ལ་དོ་སྣང་གིས། འཛད་སྤྱོད་གསལ་པོ་མེད་པ་ཤེས་ཚེ་འཕྲལ་མར་ཞིབ་བསྡུར་བྱེད་དགོས། དུས་བཀག་ཐོག་མངགས་ཉོའི་ཞབས་ཞུར་ཞིབ་བཤེར་བྱས་ནས་དགོས་པ་མེད་པའི་རང་འགུལ་ངང་དངུལ་འཐེན་པའི་རྣམ་གྲངས་མེད་པར་བཟོ་དགོས།
རྩིས་ཐོའི་དངུལ་བརྐུས་རྗེས་ཇི་ལྟར་མགྱོགས་མྱུར་ཁ་གཏད་གཅོག་དགོས་སམ།
ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། འཛད་སྤྱོད་པས་གལ་ཏེ་རྩིས་ཐོར་རྒྱུན་གཏན་མིན་པའི་ཉོ་ཚོང་བྱས་པ་ཤེས་ཚེ། ཐོག་མར་གཏོང་སྤྲོད་ཐབས་ལམ་འཕྲལ་མར་བསྡམས་བཅད་བྱས་ཏེ། དངུལ་ཁང་གི་ཚོང་ཞབས་དང་། དངུལ་སྤྲོད་འབོའམ་ཡང་ན་སྐད་འཕྲིན་ལས་སྟེགས་བརྒྱུད་དེ་འབྲེལ་ཡོད་རྩིས་ཐོར་ཛ་དྲག་ངང་བསྡམས་བཅད་བྱས་ནས་རྗེས་མཐུད་དུ་དངུལ་འཐེན་རྒྱུ་བཀག་འགོག་བྱེད་དགོས། དེ་ནས་དཔང་རྟགས་ཉར་ཚགས་བྱེད་པ་དང་འབྲེལ་ཞུ་གཏུག་བྱེད་དགོས་ཤིང་། དངུལ་བརྐུས་པའི་ཟིན་ཐོ་དང་ཉོ་ཚོང་དུས་ཚོད་སོགས་ཀྱི་ཆ་འཕྲིན་ཉར་ཚགས་བྱས་ནས། གཏོང་སྤྲོད་ལས་སྟེགས་ལ་ཞུ་གཏུག་བྱེད་དགོས། གལ་ཏེ་གྱོང་གུན་གྱི་དངུལ་གྲངས་མང་ན། དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུ་དགོས་པ་མ་ཟད། འབྲེལ་ཡོད་དཔང་རྟགས་མཁོ་འདོན་བྱེད་པར་གཞོགས་འདེགས་བྱེད་དགོས།