ཟླ་7པ་ནས་བཟུང་སྨན་བཅོས་འགན་བཅོལ་ནས་སྨན་རྫས་ཕྱིར་ཚོང་གི་རྩིས་རྒྱག་པར་བཤེར་རྟགས་བཤེར་དགོས་པ།
ཉེ་ཆར་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་སོགས་སྡེ་ཚན་བཞི་ཡིས《སྨན་བཅོས་འགན་སྲུང་དང་ལས་རྨས་འགན་བཅོལ་ཁྱབ་ཁོངས་སུ་སྨན་རྫས་ཁུངས་འདེད་བཤེར་རྟགས་འཚོལ་བསྡུ་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། སྨན་རྫས་སྣ་ཁ་ཡོངས་རྫོགས་ཀྱི་ཐོན་སྐྱེད་འཁོར་རྒྱུག་བེད་སྤྱོད་བརྒྱུད་རིམ་ཁུངས་འདེད་དང་སྨན་བཅོས་འགན་སྲུང་དང་ལས་རྨས་འགན་བཅོལ་ཁྱབ་ཁོངས་སུ་སྨན་རྫས་ཁུངས་འདེད་བཤེར་རྟགས་བརྒྱུད་རིམ་ཧྲིལ་པོ་དང་། ཚད་ཡོངས་འཚོལ་བསྡུ། རྣམ་པ་ཡོངས་སུ་བཀོལ་སྤྱོད་བཅས་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་མ་ཟད། སྨན་རྫས་སྒྲིག་གཞི་ཚང་མར་སྨན་རྫས་ཁུངས་འདེད་བཤེར་རྟགས་འཚོལ་བསྡུ་བཀོལ་སྤྱོད་ཡོངས་ཁྱབ་རིམ་བཞིན་མངོན་འགྱུར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། བརྡ་ཐོའི་ནང་ཟླ་7ཚེས་1ཉིན་ནས་བཟུང་། ཕྱིར་ཚོང་སྐབས་སུ་བླང་བྱ་ལྟར་བཤེར་རྟགས་བཤེར་རྗེས་གཞི་ནས་སྨན་བཅོས་འགན་སྲུང་ཐེབས་རྩ་ནས་རྩིས་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། 2026ལོའི་ཟླ་1ཚེས་1ཉིན་ནས་བཟུང་སྨན་རྫས་སྒྲིག་གཞི་ཚང་མས་སྨན་རྫས་ཁུངས་འདེད་བཤེར་རྟགས་ཚད་ཡོངས་འཚོལ་བསྡུ་བྱས་ནས་གཏོང་སྐྱེལ་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད།
བརྡ་ཐོའི་ནང་ཕྱོགས་ལྔའི་ཐད་ཀྱི་གཙོ་གནད་ལས་དོན་ཁ་གསལ་བཟོས་པ་སྟེ། བཤེར་རྟགས་འགོད་ཤུགས་ཆེ་རུ་བཏང་ནས་ཡང་དག་ཚད་ལྡན་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། འཚོལ་བསྡུ་བྱེད་ཤུགས་ཆེ་རུ་བཏང་ནས་བཤེར་དགོས་རིགས་ཚང་མ་བཤེར་རྒྱུའི་འགན་ལེན་བྱེད་དགོས་པ། བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་བཤེར་ཨང་དོ་དམ་ལ་འགན་ལེན་བྱེད་དགོས་པ། ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་སྟབས་བདེ་ཡོང་བའི་འགན་ལེན་བྱེད་དགོས་པ། དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གནད་སྨིན་ཕན་ཆེ་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་རེད། བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་བརྡ་ཐོའི་ནང་སྨན་བཅོས་འགན་བཅོལ་དཀར་ཆག་གྲོས་མོལ་དང་། ཚོང་ལས་འགན་བཅོལ་དཀར་ཆག་བཟོ་བ། ཞིང་ཆེན་རིམ་པའི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ལས་སྟེགས་ཐོག་འགོད་པ། གཅིག་སྡུད་ཚད་ལྡན་ཉོ་སྒྲུབ་སོགས་ཀྱི་ཐད་སྨན་རྫས་ཀྱི་ཁུངས་འདེད་བཤེར་རྟགས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཁ་གསལ་བཏོན་ཡོད།