ན་ནིང་ལོ་མཇུག་བར།
རྒྱལ་ཡོངས་སུ་ཁྱོན་ལུས་རྩལ་ཐང་ཁྲི་484ལས་བརྒལ་བ།
ཉེ་ཆར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་འཚོགས་པའི་2025ལོའི་རྒྱལ་ཡོངས་ཀྱི་མང་ཚོགས་ལུས་རྩལ་ལས་དོན་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། 2024ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་ཁྱོན་ལུས་རྩལ་ཐང་ཁྲི་484.17ཡོད་པ་དང་། ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་དུང་ཕྱུར་42.3ཟིན་པ། མི་རེར་ཆ་སྙོམས་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་3.0ཟིན་པ་བཅས་རེད།
ལུས་སྦྱོང་བྱ་ཡུལ་གྱི་སྒྲིག་ཆས་མཁོ་སྤྲོད་རྒྱ་ཆེར་བཏང་ཞིང་། 2024ལོར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ས་གནས་ལ་ལུས་སྦྱོང་ལྟེ་གནས་ཆུང་གྲས་དང་། ལུས་རྩལ་སྤྱི་གླིང་ཆུང་གྲས། མང་ཚོགས་ཀྱི་འཁྱགས་ཤུད་ར་བ། རྫོང་རིམ་པའི་ནུས་པ་མང་བའི་ལུས་རྩལ་ཐང་། དེ་བཞིན་སྲིད་འཛིན་གྲོང་ཚོའི་ཞིང་པའི་ལུས་རྩལ་ལུས་སྦྱོང་འདུ་འགོད་ཀྱི་ལུས་སྦྱོང་ཡོ་བྱད་ཉམས་བཟོ་དང་། སྒྱུར་བཀོད། གསར་བརྗེས་སོགས་ཀྱི་རྣམ་གྲངས་ཁྱོན་6719ལ་རྒྱབ་སྐྱོར་བྱས་པ་རེད། 2024ལོའི་ལོ་མཇུག་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བསྐྲུན་པ་མ་ཟད་སྤྱོད་འགོ་ཚུགས་པའི་ལུས་རྩལ་སྤྱི་གླིང་1300ལས་བརྒལ་ནས་འཆར་འགོད་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད་པ་རེད།
སྤྱི་པའི་ལུས་རྩལ་ཐང་དང་ཁང་གི་སྒོ་དབྱེའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཞིང་། 2024ལོར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ནོར་སྲིད་པུའུ་དང་མཉམ་དུ་ནོར་སྲིད་ཀྱི་མ་དངུལ་བཏང་ནས་སྤྱི་པའི་ལུས་རྩལ་ཐང་རིན་མེད་དམ་ཡང་ན་རིན་གོང་དམའ་པོས་སྒོ་དབྱེ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ལུས་རྩལ་ཐང་3050ཁ་གསབ་བྱས་པ་དེ་རྫོང་རིམ་པའི་སྲིད་འཛིན་ས་ཁོངས་1600ཙམ་ལ་ཁྱབ་པ་དང་ལུས་རྩལ་ཐང་གི་ལྟེ་བའི་ཁུལ་རིན་མེད་དམ་ཡང་ན་རིན་གོང་དམའ་པོས་སྒོ་དབྱེ་བའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2500ལས་བརྒལ་ནས་ཕན་པ་ཐོབ་མཁན་དུང་ཕྱུར་5ལས་བརྒལ་ཡོད་པ་རེད།
འགྲན་བསྡུར་བྱེད་སྒོ་སྤེལ་ཤུགས་ཆེ་རུ་བཏང་ཞིང་། 2024ལོར། རྒྱལ་ཡོངས་ཀྱི་དམངས་ཡོངས་ལུས་སྦྱོང་འགྲན་བསྡུར་ཆེན་པོ་སྐབས་དང་པོ་འཚོགས་པ་དང་འགྲན་བསྡུར་བྱེད་སྒོ་6000ལྷག་ཙམ་སྤེལ་བའི་ནང་ཐད་ཀར་ཞུགས་མཁན་མི་གྲངས་ཁྲི་200ལས་བརྒལ་ཡོད་པ་རེད།
སྤྱི་ཚོགས་ལུས་རྩལ་གྱི་མཛུབ་ཁྲིད་པའི་དཔུང་ཁག་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། 2024ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་ཁྲིད་པ་ཁྲི་371ཙམ་ཡོད་པ་དང་མི་སྟོང་རེར་སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་ཁྲིད་པ་2.63ཙམ་ཡོད་པ་རེད།