ཁག་གཉིས་པའི་གྲོང་ཁྱེར་གསར་སྒྱུར་གྱི་ དཔེ་མཚོན་ཁྱབ་བསྒྲགས་བྱས་པ།
2019ལོ་ཚུན་རིམ་རྩིས་བརྒྱབ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྱོན་ཁྲི་28ཙམ་གསར་སྒྱུར་ལས་འགོ་བཙུགས་པ།
ཀུའེ་ཀྲོའུ་ཀུའེ་དབྱང་གི་པར་འདེབས་བཟོ་གྲྭའི་ཉེན་ཡོད་བཟོ་ཁང་རྙིང་པ་ཝུའུ་ཐུང་ལམ་ཆེན་དང་རང་སྦྱོང་ཁང་སོགས་གུ་ཡངས་པའི་བར་མཐོངས་སུ་གསར་སྒྱུར་རིམ་སྤོར་བྱས་པས་སྐྱིད་སྣང་དང་སོས་དལ་གྱི་རྣམ་པ་ཞིག་ཆགས་པ་དང་། ཧྲན་ཏུང་ཝེ་ཧའེ་རུ་དེ་སྔ་ཁོར་ཡུག་བཙོག་ཟིང་ཆེ་བའི་གྲོང་ཁྱེར་གྱི་ལམ་ཕྲན་རྣམ་པ་གསར་རྐྱང་དུ་བཅོས་པ་དང་ལས་རྣམ་རིམ་སྤོར་བྱས་པས་མི་མང་པོ་རྒྱ་མཚོར་ལྟ་བར་ཡོང་ས་ཞིག་ཏུ་གྱུར་པ། སི་ཁྲོན་ཁྲེང་ཏུའུ་ཡི་ཟམ་པའི་འོག་དང་ས་འོག་སོགས་གྲོང་ཁྱེར་གྱི་བར་མཐོངས་ལྷག་མ་རྣམས་ལྗོངས་གཟིགས་བྱ་ཡུལ་བཟོ་བ་དང་ནུས་པ་མང་དུ་གཏོང་བ་སོགས་བྱས་པས་བེད་མེད་ཀྱི་ཁུག་ཀྱོག་བེད་སྤྱོད་ཐུབ་ཡོད།
ཉེ་ཆར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས《གྲོང་ཁྱེར་གསར་སྒྱུར་གྱི་དཔེ་མཚོན་བདམས་སྒྲིག(ཁག་གཉིས་པ)》པར་འགྲེམས་བྱས་ཏེ་ད་ཡོད་ཀྱི་སྐྲུན་དངོས་སྒྱུར་བཀོད་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད། གྲོང་ཁྱེར་གྱི་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད། གྲོང་ཁྱེར་གྱི་སྐྱེ་ཁམས་ཉམས་བཟོ་སོགས་རིགས་ཆེ་གྲས་8ཀྱི་དཔེ་མཚོན་41ཁྱབ་བསྒྲགས་བྱས་ཏེ་སྲིད་གཞུང་གིས་ཁྲིད་སྟོན་དང་། ཁྲོམ་རས་འཁོར་སྐྱོད། སྤྱི་དམངས་ཞུགས་པ་བཅས་ཀྱི་གྲོང་ཁྱེར་སྒྱུར་བཀོད་གྱི་རྒྱུན་མཐུད་ཆོག་པའི་དཔེ་དབྱིབས་ཤིག་ཁྱབ་གདལ་བཏང་ཡོད།
2019ལོར་ཀྲུང་དབྱང་གིས་གྲོང་ཁྱེར་གསར་སྒྱུར་བྱ་རྒྱུ་བཀོད་སྒྲིག་དང་ལག་ལེན་བསྟར་ཚུན། རིམ་རྩིས་བརྒྱབ་ན་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྱོན་ཁྲི་28ཙམ་གསར་འགྱུར་ལས་འགོ་བཙུགས་པས་མང་ཚོགས་དུང་ཕྱུར་1.2ལ་ཕན་པ་ཐོབ་པ་དང་། གློག་སྐས་ཁྲི་13ལྷག་ཙམ་བསྒར་བ་དང་རྒན་གསོ་དང་བུ་བཅོལ་གྱི་སྒྲིག་བཀོད་ཁྲི་8ཙམ་མང་དུ་བཏང་བ། ས་འོག་མདོང་ལམ་སྤྱི་ལེ་ཁྲི་50ཙམ་བརྗེ་སྒྱུར་སྒྱུར་བཀོད་བྱས་པ། སྤྱི་གླིང་ཆུང་གྲས་ཁྲི་4ལྷག་ཙམ་བསྐྲུན་པ་དང་གྲོང་ཁྱེར་གྱི་སྔོ་ལྗང་ལམ་བུ་སྤྱི་ལེ་ཁྲི་12བསྐྲུན་ཡོད།