ལོ་ལྔའི་ནང་ལག་ཁྱེར་ཡོད་པའི་ཞིང་པ་མི་གསར་600ལྷག་ཙམ་སྐྱེད་སྲིང་བྱས་པ།
ལྟོས་དང་། “ཞིང་ནང་སློབ་གྲྭ”འདི་འཁྲུག་ཆ་ཧ་ཅང་དོད།
འདི་ནི་ཤིང་ཆའོ་གྲོང་རྡལ་གྱི་ཞིང་པ་མི་གསར་གྱིས་མི་མེད་གནམ་གྲུ་བཏང་ནས་ཆུ་འབྲས་འདེབས་འཛུགས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཞུ་བཞིན་པ། ལིའུ་ཧུའེ་ཡིས་པར་བརྒྱབ།
འདི་ནི་ཤིང་ཆའོ་གྲོང་རྡལ་གྱི་ལོ་རབས་00ནང་སྐྱེས་ཀྱི་སློབ་མས(གཡས)ཐོ་ཕྲུག་བཏང་ནས་ཞིང་ཁ་འདེབས་སྟངས་སྦྱོང་བཞིན་པ། ཞུང་ཝུའེ་ཡིས་པར་བརྒྱབ།
དཔྱིད་མཉམ་དུས་སུ། ཁྲུང་ཆིང་གྲོང་ཁྱེར་ལེང་ཕིང་ཆུས་ཀྱི་འབྲུ་འདེབས་དུད་ཆེན་ཀྲང་ཆང་གིས་ལྗང་འཛུགས་འཕྲུལ་འཁོར་བཏང་ནས་ཞིང་ནང་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་འབྲས་ལྗང་འཛུགས་བཞིན་མཆིས། ཁོང་གིས་གོས་ཐུང་ལ་འགོས་པའི་འདམ་བག་རྡེབ་ཞོར་དུ་ཅུང་ཟད་ནག་པའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན། “ན་ནིང‘ཞིང་ནང་སློབ་གྲྭ’ནས་འབྲས་ལྗང་འཛུགས་སྟངས་སྦྱངས་པས་དངུལ་མི་ཉུང་བ་ཞིག་གྲོན་ཆུང་ཐུབ་སོང”ཞེས་བརྗོད།
རྩིས་ཤིག་བརྒྱབ་ན། འབྲས་ལྗང་ལག་པས་བཙུགས་ན་དཀའ་ལས་ཁག་པོ་ཡོད་པ་མ་ཟད། ས་ཞིང་མུའུ་1700ལ་མི་རེས་ཉིན་ལྟར་མུའུ་2འཛུགས་དགོས་ཁར། ཉིན་གླ་སྒོར་200སྤྲོད་དགོས་པས། ལོ་གཅིག་ལ་མི་ཤུགས་ཀྱི་མ་གནས་ཁོ་ནར་སྒོར་ཁྲི་17ཟིན་གྱི་ཡོད། ན་ནིང་ལག་རྩལ་སྦྱངས་ནས་ལྗང་འཛུགས་འཕྲུལ་འཁོར་ལ་བསྒྱུར་རྗེས། སྒྲིག་ཆས་རྙིང་འགྱུར་རིན་གཅོག་དང་སྣུམ་རིན་བརྩིས་ན་ལོ་གཅིག་ལ་སྒོར་ཁྲི་2ལྷག་ཙམ་ལས་འགྲོ་ཡི་མེད།
ཀྲང་ཆང་གིས། “ས་སྟེང་གི་འཕྲུལ་འཁོར་རམ་ཡང་ན་མཁའ་དབྱིངས་ཀྱི་གནམ་གྲུ་གང་ཡིན་རུང་ངས་ཚང་མ་གཏོང་ཤེས་སོང་། ‘ཞིང་ནང་སློབ་གྲྭར’མི་མེད་གནམ་གྲུས་ཞིང་སྨན་གཏོར་སྟངས་དང་། ཞིང་ཁ་འདེབས་སྟངས། བརྔ་བསྡུ་འཕྲུལ་འཁོར་གྱིས་ལོ་ཏོག་བསྡུ་སྟངས་སྦྱངས་པ་བརྒྱུད། ལོ་གཅིག་ལ་མིག་མཐོང་ལག་ཟིན་དུ་སྒོར་ཁྲི་20ལྷག་ཙམ་གྲོན་ཆུང་ཐུབ་ཀྱི་འདུག”ཅེས་བརྗོད།
དེ་ཉིན། ལེང་ཕིང་ཆུས་ཤིང་ཆའོ་གྲོང་རྡལ་གྱི་ཁྲུང་ཆིང་ཐན་ཀྲུང་དབྱང་ཞིང་ལས་ཚན་རྩལ་མ་རྐང་མཉམ་ལས་ཁང་གི་ཉིས་ཐོག་གི་སློབ་ཁང་ནང་ཞིང་སྤྱོད་མི་མེད་གནམ་གྲུ་སྤྱོད་སྟངས་སྦྱོང་མཁན་འབྲུ་འདེབས་དུད་ཆེན་30ལྷག་ཙམ་གྱི་མིས་ཁེངས་ཡོད་པ་རེད། སྐད་ཆ་འདྲི་སྐབས་མཉམ་ལས་ཁང་གིས་དུས་ཡུན་རིང་པོའི་ནང་མཐའ་འཁོར་གྱི་ཞིང་དུད་ལ་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཞུས་ཤིང་། 2021ལོ་ནས་བཟུང་། མཉམ་ལས་ཁང་གིས་ལེང་ཕིང་ལས་རིགས་སློབ་གསོའི་ལྟེ་གནས་དང་མཉམ་དུ་ཐན་ཀྲུང་དབྱང་རིག་ལྡན་ཞིང་ལས་ཐོན་ལས་སློབ་གླིང་བཙུགས་ཏེ། ཞིང་པར་ཞིང་ལས་ལག་རྩལ་ཤེས་བྱ་སློབ་ཁྲིད་བྱས་པར། ཚང་མས“ཞིང་ནང་སློབ་གྲྭ”ཞེས་འབོད་ཀྱི་ཡོད། ཞིང་པ་རྣམས་དེ་གར་སློབ་ཚན་ཉན་པར་ཕྱིན་ན་ལག་ཁྱེར་གཉེར་བའི་གྲོན་དངུལ་ཅུང་ཟད་ལས་སྤྲོད་དགོས་ཀྱི་མེད།
མཉམ་ལས་ཁང་གི་འགན་འཁུར་བ་དང་སློབ་ཁྲིད་དགེ་རྒན་གཅིག་ལྕོགས་དབྱང་ཞན་ཕིང་གིས། “ཞིང་སྨན་རྒྱག་པར་མཚོན་ན། མི་མེད་གནམ་གྲུས་ཞིང་སྨན་བརྒྱབ་ན་དུས་ཚོད་དང་མ་རྩ་གཉིས་ཀར་གྲོན་ཆུང་ཐུབ་ཀྱི་ཡོད། རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུ་ཞིག་ཉོས་ན་སྒོར་ཁྲི་4སྤྲོད་དགོས་པ་དང་། ཞིང་ལས་ཨུ་ལྷན་གྱིས་ཁ་གསབ་སྒོར་ཁྲི་1.4སྤྲོད་ཀྱི་ཡོད་པས། མི་སྒེར་གྱིས་སྒོར་ཁྲི་2.6ལས་གཏོང་དགོས་མེད། མི་མེད་གནམ་གྲུ་ཞིག་གིས་ལོ་གསུམ་རིང་ལོ་ལྟར་ས་ཞིང་མུའུ་2000ལྷག་ཙམ་ལ་ཞིང་སྨན་བརྒྱབ་པར་བརྩིས་ན། མུའུ་རེར་མ་རྩ་སྒོར་4ཙམ་ལས་གནས་ཀྱི་མེད། གལ་ཏེ་མི་ལ་བརྟེན་ཚེ་མི་རེས་ཉིན་རེར་མུའུ་3ལ་ཞིང་སྨན་རྒྱག་དགོས་པ་མ་ཟད། ད་དུང་ཉིན་གླ་སྒོར་100སྤྲོད་དགོས་པས། མུའུ་རེར་མ་རྩ་སྒོར་33ཙམ་གནས་ཀྱི་ཡོད། ཡུལ་མི་ཚོས་རྩིས་འདི་གསལ་པོ་རྒྱག་ཤེས་ཀྱི་ཡོད”ཅེས་བརྗོད།
“ཞིང་དུད་ཀྱིས་ཞིང་ལས་ལག་རྩལ་སྣ་ཚོགས་ཁོང་དུ་ཆུད་ན། ལས་ཕྱོད་ཆེ་རུ་དང་ཡོང་འབབ་མང་དུ་གཏོང་ཐུབ་པ་མ་ཟད། ད་དུང་ང་ཚོའི་མཉམ་ལས་ཁང་དང་མཉམ་ལས་དམ་ཟབ་བྱས་ནས་ཐོན་སྐྱེད་ཀྱི་གཞི་ཁྱོན་མཉམ་དུ་ཆེ་རུ་གཏོང་ཐུབ”ཅེས་མིག་རྒྱང་རིང་བའི་དབྱང་ཞན་ཕིང་གིས་བརྗོད།
ད་ཆ་ཐན་ཀྲུང་དབྱང“ཞིང་ནང་སློབ་གྲྭས”ད་དུང་ཁྲུང་ཆིང་གྲོང་ཁྱེར་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭ་ལེང་ཕིང་ཆུས་ཡན་ལག་སློབ་གྲྭ་དང་མཉམ་ལས་བྱས་ཏེ། གྲོང་ཁྱེར་རིམ་པ་དང་ཆུས་རིམ་པའི་རིགས་གཅིག་མཁས་ཅན་དེ་བས་མང་བ་ཞིང་ནང་དུ་གདན་དྲངས་ནས་ཞིང་ལས་ལག་རྩལ་གསོ་སྦྱོང་གི་སློབ་ཚན་བཀོད་སྒྲིག་བྱས་ཡོད།
ཁྲུང་ཆིང་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭ་ལེང་ཕིང་ཆུས་ཡན་ལག་སློབ་གྲྭའི་སློབ་སྤྱི་ལུའུ་ཧྲུན་ཡན་གྱིས། “ང་ཚོར་ཆེད་ལས་དགེ་རྒན་4དང་ལས་ཞོར་དགེ་རྒན་132ཡོད་པ་དག་གིས་སློབ་ཡོན་མི་དགོས་པར‘ཞིང་ནང་སློབ་གྲྭར’སློབ་ཁྲིད་བྱེད་ཀྱི་ཡོད། ང་ཚོས་ད་དུང‘ཞིང་ནང་སློབ་གྲྭ’སྣ་ཚོགས་ལ་རྒྱབ་སྐྱོར་བྱས་ནས། ཁོང་ཚོར་གསོ་སྦྱོང་གི་གཞི་ཁྱོན་ཆེ་རུ་གཏོང་རོགས་དང་ཞིང་པ་མི་གསར་གསོ་སྐྱོང་བྱེད་རོགས་བྱེད་ཀྱི་ཡོད”ཅེས་བརྗོད།