སྡེ་ཚན་མང་པོས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མ་དང་སྤུས་ཞན་བཟོ་འཚོང་གི་ཉེས་གསོག་ལ་རྡུང་རྡེག་དང“མགོ་སྐོར་ཚོགས་པའི”རྫས་ལུད་ཕྱིར་འཚོང་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱས་པ།
དཔྱིད་རྨོད་དཔྱིད་གྲབས་དང་ལོ་འཁོར་མོའི་འབྲུ་རིགས་ཐོན་སྐྱེད་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། ཉེ་ཆར། ཞིང་ལས་གྲོང་གསེབ་པུའུ་དང་སྤྱི་བདེ་པུའུ་སོགས་སྡེ་ཚན་7གྱིས་མཉམ་དུ་བརྙན་ལམ་ཚོགས་འདུ་འཚོགས་ཏེ། 2025ལོའི་དཔྱིད་རྨོད་དཔྱིད་གྲབས་ཀྱི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་བཟོར་རྡུང་རྡེག་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་ནས། ཞིང་ལས་ཐོན་སྐྱེད་ཀྱི་སྒྲིག་ལམ་དང་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ལོ་འཁོར་མོའི་འབྲུ་རིགས་ཐོན་འབབ་བརྟན་པོ་དང་ཡོང་འབབ་མང་དུ་གཏོང་བར་འདེགས་སྐྱོར་བྱས་པ་རེད།
ཚོགས་འདུའི་ཐོག་བཏོན་དོན། ཆེད་དོན་གྲལ་བཤེར་དང་ཞིབ་བཤེར་གང་མགྱོགས་བྱས་ཏེ། དཔྱིད་རྨོད་ཀྱི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས། ཚད་གཞི་མ་ལོན་པའི་ཐོན་རྫས་ཁྲོམ་རར་འདོན་མཚམས་འཇོག་དགོས། ཁྲིམས་སྒྱུར་གྱོད་སྒྲུབ་བྱེད་ཤུགས་ཆེ་རུ་ཏན་ཏིག་དང་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་སྐོར་གྱི་དྲིལ་བསྒྲགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། “མགོ་སྐོར་ཚོགས་པས”གྲོང་ཚོར་བསྐྱོད་ནས་རྫས་ལུད་འཚོང་བ་དང་། ཁྲིམས་འགལ་ངང་གཏན་འགོག་སྨན་རྫས་འཚོང་བ། ཚད་གཞི་མ་ལོན་པའི་འགྱིག་ཤོག་བཟོ་འཚོང་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་བྱས་ཏེ། དྲ་ཐོག་གི་ཞིང་ལས་ཐོན་སྐྱེད་རྒྱུ་ཆར་ལྟ་འདོམས་བྱེད་པར་མཐུན་སྦྱོར་སྐུལ་འདེད་བཏང་ནས། དམ་བསྒྲགས་དང་རྡུང་རྡེག་ཚ་ནན་གཏོང་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས།
ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱས་ཏེ། སོན་རྫུན་མ་དང་། རྫས་ལུད་རྫུན་མ། ཞིང་སྨན་རྫུན་མ་སོགས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མ་དང་སྤུས་ཞན་བཟོ་འཚོང་གི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་རྒྱུན་མཐུད་བཏང་བར། ལོ་འཁོར་མོར་ཁྱོན་འབྲེལ་ཡོད་ཀྱི་ཉེས་དོན་གྱོད་གཞི་500ལྷག་ཙམ་གྱོད་ཐོ་བཀོད་ནས་སྒྲུབ་གཉེར་བྱས་ཡོད་པ་རེད།