དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷད་མེད་བརྩེ་བར་བརྟེན་ནས་རིན་བྲལ་ཚེ་སྲོག་ལ་འོད་སྣང་སྦྱིན།

    —— ལེ་དབར་སྟོང་ཚོ་བརྒལ་བའི་གཅེས་སེམས་བརྒྱུད་སྤྲོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-27

    “ལའོ་ཀྲའོ། འབྲས་ཐུག་ཚ་པོ་འཐུང་དང་། ཨེམ་རྗེ་ལགས་ཀྱིས་རང་སང་ཉིན་སྨན་ཁང་ནས་དོན་ན་འགྲིག་གི་རེད་ཟེར་གིས”ཞེས་ཁྲེང་ཏུའུ་དམག་བཙུགས་སྨན་ཁང་གི་ནད་ཁང་དུ་ཨ་ཚེས་རླངས་པ་འཕྱུར་བཞིན་པའི་འབྲས་ཐུག་ཚ་པོ་དཀྲུག་དཀྲུག་གཏོང་གིན་དེ་ལྟར་བཤད། ནད་ཁྲིའི་ཐོག་ཡོད་པའི་ཀྲའོ་ཅན་མིང་གིས་འབྲས་ཐུག་ག་ལེར་བཏུངས། འབྲས་ཐུག་འཐུང་གིན་འཐུང་གིན་ལྷད་མེད་ཀྱི་བརྩེ་བ་ཟམ་མོ་ཚོར་ནས་རང་དབང་མེད་པར་མིག་ཆུ་ཤོར། ཁོང་གིས་བཏུངས་བ་དེ་འབྲས་ཐུག་མིན་པར་དེ་ནི་ལེ་དབར་སྟོང་ཚོ་བརྒལ་བའི་བརྩེ་བ་ཟབ་མོ་རེད།

    ཟླ་ཕྱེད་ལྷག་ཙམ་གྱི་གོང་ནད་ཁྲི་དེ་སྟོང་པ་རེད། ད་རེས་འདི་གར་ནང་མི་ལྔའི་ལས་དབང་དང་དམ་པོར་སྦྲེལ་ཡོད་ལ། གངས་ལྗོངས་ས་མཐོའི་ཐོག་གི་ལེ་དབར་སྟོང་ཚོ་བརྒལ་བའི་ཚེ་སྲོག་བརྒྱུད་སྤྲོད་བྱེད་པའི་བརྩེ་བ་ཟབ་མོ་ཞིག་འདུས་ཡོད།

    དུས་ཀྱི་འཁོར་མདའ་ད་ལོའི་བོད་ཀྱི་ལོ་གསར་ལ་ལོག་སྐབས་ས་མཐོའི་གྲང་རླུང་གིས་དགའ་སྟོན་གྱི་རྣམ་པ་དེ་རྦད་དེ་བཀབ་ཡོད། ཀྲའོ་ཅན་མིང་སྦག་སྦག་བཞོན་ནས་རི་བོ་ཆེ་རྫོང་ཧོར་རི་མ་གྲོང་ཚོའི་ཁྱིམ་དུ་ལོག་སྐབས་རྒྱང་རིང་གི་གངས་རིའི་རྩེ་མོར་ཉི་འོད་འཕྲོ་བས་དེ་ནི་ས་ལེ་སྦྲམ་བྱུག་པ་ལྟར་གསེར་འོད་ཆེམ་ཆེམ་དུ་འཕྲོ།

    གནམ་ལྕགས་ཐོག་ལ་འགོག་ཁོམ་མེད་ཟེར་བ་ལྟར། ཁོང་གུག་ཆ་ཆེན་པོ་ཞིག་ནས་ཁ་ལོ་སྐོར་སྐབས་སྦག་སྦག་གི་འཁོར་ལོ་འདྲེད་བརྡར་ཤོར་ནས་མགོ་རྟིང་ལོག་པ་དང་། ཁོང་གི་མགོ་བྲག་རྡོར་བརྡབས་ནས་ཁྲག་དྲོན་གྱིས་དེ་མུར་འཁྱགས་ས་དམར་ལིང་ལིང་དུ་གྱུར།

    ལམ་དེ་བརྒྱུད་ནས་འགྲོ་མཁན་གྱི་གྲོང་མི་ཞིག་གིས“འདིར་མི་ཞིག་རྨས་འདུག”ཅེས་ཉེན་བརྡའི་ཁ་པར་བརྒྱབ་རྗེས་དེ་མུར་ས་གནས་ས་ཐོག་གི་གནས་ཚུལ་བརྙན་ཐུང་གི་ཐོག་ནས“ཧོར་རི་མ་གྲོང་ཚོའི་མང་ཚོགས་ཞབས་ཞུའི་སྐད་འཕྲིན་ཚོགས་པའི”ནང་བསྐུར། གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཧུའུ་ཅན་ཧྥུའུ་ཡིས་བརྙན་ཐུང་མཐོང་མ་ཐག་རུ་མི་བདེ་ཆེན་ཆོས་འཛོམས་ལ་རྨས་མའི་ཆ་འཕྲིན་ཞིབ་བཤེར་བྱེད་དུ་བཅུག དེས་ན་གྲོང་ཚོ་ཨུ་ལྷན་གྱི་གཞུང་ལས་ཁང་དུ་ཁ་པར་གྱི་སྒྲ་དང་གློག་ཀླད་ཀྱི་མཐེབ་གཞོང་ནས་ཡི་གེ་བཏགས་པའི་སྒྲས་ཁེངས། རྨས་མར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པས་རི་བོ་ཆེ་རྫོང་སྨན་ཁང་གིས་ཆབ་མདོ་གྲོང་ཁྱེར་སྨན་ཁང་དུ་བསྒྱུར་དགོས་པའི་གྲོས་འགོ་བཏོན། འོན་ཀྱང་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཀྱང་སྨན་བཅོས་བྱེད་ཐབས་མི་འདུག་ཅེས་བཤད།

    “ངེས་པར་དུ་ཁྲེང་ཏུར་བསྐྱོད་ནས་ངོ་གདོང་བསྐྱར་བཟོའི་གཤགས་བཅོས་བྱེད་དགོས་ལུགས་བཤད”སྨན་པའི་སྐད་ཆ་དེ་ཐོས་དུས་ཀྲའོ་ཅན་མིང་གི་བཟའ་ཟླ་ཨ་ཚེ་ཏོག་ཙམ་མ་གཏོགས་འགྱེལ་གྲབས་བྱས། དེ་དུས་ཁོང་གི་བློ་ཡུལ་དུ་ཁྱིམ་ལ་ཡོད་པའི་ཕྲུ་གུ་གསུམ་འཁོར། ཁོང་གི་ཕྲུ་གུ་ཆེ་བ་གཉིས་རྫོང་སློབ་ཆུང་གཉིས་པར་འགྲོ་བ་དང་ཕྲུ་གུ་ཆུང་ཤོས་དེ་གོམ་པ་ཡང་ཡག་པོ་རྒྱག་ཐུབ་ཀྱི་མེད། སྨན་རིན་དང་བདལ་གླ་སོགས་འགྲོ་སོང་མང་པོ་གཏོང་དགོས་འཁེལ་བས། ཐོག་མ་ཉིད་ནས་ས་ཞིང་མེད་པ་དང་གཏན་འཇགས་ཀྱི་ཁང་པ་མེད་པར་མ་མཐའི་འཚོ་བའི་འགན་ལེན་དང་གླ་པ་བྱས་ནས་ལྟོ་གོས་ཕྱིད་ཐབས་བྱེད་པའི་ཀྲའོ་ཅན་མིང་དང་ཨ་ཚེར་དཀའ་ངལ་ཆེན་པོ་འཕྲད།

    གནས་ཚུལ་འདི་ཧོར་རི་མ་གྲོང་ཚོའི་ནང་ཁྱབ་རྗེས། གཅེས་སེམས་བརྒྱུད་སྤྲོད་བྱེད་འགོ་བརྩམས།

    ནམ་རྒྱུན་བློ་གཤོགས་ཆེ་བའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་དཔག་བློ་བཟང་སྐད་འཕྲིན་ཚོགས་པའི་ནང་ངུ་སྐད་དང་བཅས་ཏེ“ཡུལ་མི་ཚོ། ཀྲའོ་ཅན་མིང་སྲོག་ཤོར་ལ་ཉེ་བའི་མཚམས་སུ་སླེབས་འདུག”ཅེས་བརྗོད་པ་དང་། སྐད་ཆ་དེ་སྐད་འཕྲིན་ཚོགས་པའི་ནང་བསྐུར་མ་ཐག སྐད་འཕྲིན་ཚོགས་པའི་ནང་དངུལ་འབྱོར་བའི་སྒྲ་ཡིས་ཁེངས། “ཏིང་། སྒོར་30” “ཏིང་། སྒོར་20” ཐ་ན་ལོ་80ལ་སླེབས་པའི་རྨོ་བོ་ལགས་ཀྱིས་གནས་ཚུལ་དེ་ཤེས་རྗེས་སྒོར་5ཞལ་འདེབས་བརྒྱབ་པ་དང་ཁོང་གིས“ད་ང་ལོ་རྒས་ནས་རོགས་པ་ཆེན་པོ་བྱེད་ཐུབ་ས་མ་རེད། ཁོང་མགྱོགས་པོ་དྲག་སྐྱེད་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡིན”ཞེས་བརྗོད།

    གྲོང་ཚོའི་དྲ་ཐོག་གྲགས་ཅན་གྱིས་མཚན་མོ་དེ་རང་དུ་ཐད་གཏོང་བྱས་ཏེ་གྲོན་དངུལ་གྲབས་གསོག་བྱས་པ་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་དྲ་གྲོགས་ཀྱིས་ཞལ་འདེབས་སྒོར་ཁྲི་གཅིག་ལྷག་ཙམ་བརྒྱབ་པ་དེ་དག ལྷུང་ལྷུང་བཞུར་བའི་གངས་ཆུ་བཞིན་ཚེ་སྲོག་སྐྱོབ་པའི་དྲོད་རྒྱུན་དུ་གྱུར། གྲོང་སྡོད་ལས་དོན་རུ་ཁག་གི་གཞུང་ལས་ཁང་གནས་སྐབས་ཀྱི“གཅེས་སེམས་ས་ཚིགས”སུ་གྱུར་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ཉི་མ་བདེ་ལེགས་ཀྱིས་རུ་མི་ཚོའི་སྣེ་ཁྲིད་དེ་རང་རང་སོ་སོའི་ནང་མི་སྤུན་མཆེད་དང་གྲོང་རྡལ་གྱི་ལས་བྱེད་པ་སོགས་དང་འབྲེལ་བ་བྱས་ནས་རོགས་སྐྱོབ་ཐོབ་ཐབས་བྱས།

    གྲོང་ཚོ་ཨུ་ལྷན་གྱིས་གྲོང་རྡལ་སྲིད་གཞུང་སོགས་འབྲེལ་ཡོད་སྡེ་ཚན་ལ་གནས་སྐབས་རོགས་སྐྱོབ་ཀྱི་རེ་ཞུ་ཧུར་ཐག་བཏོན།

    ཁྲེང་ཏུའུ་དམག་བཙུགས་སྨན་ཁང་དུ་བདེ་བླག་ངང་བསྒྱུར་རྗེས། ཀྲའོ་ཅན་མིང་གི་ངོ་གདོང་བསྐྱར་བཟོའི་གཤགས་བཅོས་ལེགས་གྲུབ་བྱུང་བ་དང་ནད་གཞི་ཡང་ཞི་ལྷོད་དུ་སོང་ཡོད།

    ཀྲའོ་ཅན་མིང་སྨན་ཁང་དུ་སྨན་བཅོས་བྱེད་རིང་། གྲོང་སྡོད་ལས་དོན་རུ་ཁག་གིས་འབྲུ་རིགས་དང་བཟའ་སྣུམ་སོགས་ཁྱེར་ཏེ་ཨ་ཚེའི་གཅེན་མོའི་ཁྱིམ་དུ“གཞིས་ལུས”ཕྲུ་གུར་ལྟ་རུ་ཕྱིན། རུ་མི་ཚོས་ཕྲུ་གུ་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱས་པ་དང་། ཁོང་ཚོར“ཁྱེད་ཚོའི་ཨ་ཕ་མགྱོགས་པོ་དྲག་སྐྱེད་བྱུང་ནས་ལོག་ཡོང་གི་རེད། སེམས་ཁྲལ་མ་བྱེད། སློབ་སྦྱོང་ཡག་པོ་བྱེད་ཨང”སོགས་བརྗོད་དེ་སེམས་གསོ་བཏང་བ་རེད།

    ཟླ་ཕྱེད་ཙམ་གྱི་སྨན་བཅོས་བརྒྱུད། ཀྲའོ་ཅན་མིང་དྲག་སྐྱེད་བྱུང་ཡོད། “ད་ཡིན་ན་ཡག་པོ་བྱུང་སོང་། དེ་ཚོ་ཚང་མ་དྲིན་ཅན་ཚོའི་བཀའ་དྲིན་རེད”སྨན་ཁང་ནས་དོན་རྒྱུའི་བརྡ་ཐོ་འབྱོར་རྗེས། ཨ་ཚེས་ཕྱིས་སུ་འཚོ་བ་ཡག་པོ་བསྐྱལ་ནས་དྲིན་ཅན་ཚོའི་བཀའ་དྲིན་འཇལ་གྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།