གཞིས་རྩེ་གྲོང་ཁྱེར་གྱིས་2025ལོའི་དམག་ཞབས་ཐིམ་པའི་དམག་མི་དང་དེ་བཞིན་དམག་མིའི་ནང་མིའི་ཆེད་དོན་ལས་བསྡུའི་འདུ་ཚོགས་འཚོགས་པ།
ཉེ་ཆར། “གཟི་བརྗིད་སླར་ཡང་གཏོད། ལས་ཞུགས་འབྱུང་འགྱུར་གཏོད”ཅེས་པའི་གཞིས་རྩེ་གྲོང་ཁྱེར་གྱི་2025ལོའི་དམག་ཞབས་ཐིམ་པའི་དམག་མི་དང་དེ་བཞིན་དམག་མིའི་ནང་མིའི་ཆེད་དོན་ལས་བསྡུའི་འདུ་ཚོགས་བསམ་གྲུབ་རྩེ་ཆུས་ཀྱི་གཉིས་བཀུར་ཐང་ཆེན་དུ་འཚོགས་པ་རེད།
“ཁྱེད་རང་གི་ཆ་འཕྲིན་ང་ཚོས་ཐོ་འགོད་བྱས་ཟིན། བསྡུས་པ་ཐག་ཆོད་རྗེས་ང་ཚོས་དུས་ཐོག་ཏུ་ཁྱེད་ལ་ཁ་པར་བརྒྱབ་ནས་བརྡ་ཐོ་བཏང་ཡོང་། བརྡ་ཐོ་སྒུག་ནས་ཞུགས་རོགས”ཞེས་གཞིས་རྩེའི་གོ་ཡིའུ་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་བསྡུའི་ས་ཚིགས་སུ་དམག་ཞབས་ཐིམ་པའི་དམག་མི་བཀྲ་ཤིས་ཀྱིས་འབྲེལ་ཡོད་རེའུ་མིག་བརྒྱངས་རྗེས་ཀུང་སིའི་ལས་བསྡུའི་མི་སྣས་ཁོང་ལ་དེ་ལྟར་བཤད། བཀྲ་ཤིས་ཀྱིས་གསར་འགོད་པར་ཁོང་2024ལོའི་ཟླ་9པར་དམག་ཞབས་ཐིམ་རྗེས་A1ཁ་ལོ་བའི་ལག་ཁྱེར་བླངས་པ་དང་ད་ཐེངས་ལས་གནས་འཚམ་པ་ཡོད་མེད་ལ་བལྟ་བར་ཡོང་བ་ཡིན་ཞེས་བཤད་ཅིང་། ཁོང་གིས“གཞིས་རྩེ་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་སྔོན་ལ་ང་ཚོར་འདོད་མོས་ཡོད་པའི་ལས་གནས་ཐོ་འགོད་བྱེད་དུ་བཅུག་བྱུང་། ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་ནས་རང་ལ་འཚམ་པའི་ལས་ཀ་ཞིག་རག་རྒྱུའི་རེ་བ་ཡོད”ཅེས་བཤད།
གཞིས་རྩེ་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཁོང་ཚོས་ས་གནས་ས་ཐོག་གི་ལས་བསྡུ་དང་དྲ་ཐོག་གི་ལས་བསྡུ་སོགས་རྣམ་པ་འདྲ་མིན་རྒྱུད་དམག་ཞབས་ཐིམ་པའི་དམག་མི་རྣམས་ལ་ཕུན་སུམ་ཚོགས་པའི་ལས་ཞུགས་གདམ་ག་མཁོ་འདོན་བྱས་ཡོད། ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་ནི་གཞིས་རྩེ་གྲོང་ཁྱེར་ཇོ་རིའི་གྲོང་ཁྱེར་མ་འཇོག་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སི་སོགས་མི་སྤྱོད་ཚན་པ་25ཡིས་ལས་གནས་52མཁོ་འདོན་བྱས་པ་དང་དེའི་ནང་དམག་ཞབས་ཐིམ་པའི་དམག་མིར་འཚམ་པའི་ལས་གནས་22ཡོད་པ་མ་ཟད། མི་378བསྡུ་རྩིས་ཡོད་པའི་ནང་ནོར་དོན་དང་། སྲིད་འཛིན། བདེ་སྲུང་བ། ཁ་ལོ་བ། ཟོག་འགྲེམས་མཛོད་ཉར་སོགས་ལས་རིགས་སྣ་ཚོགས་ཚུད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལས་བསྡུའི་འདུ་ཚོགས་སུ་ས་གནས་ས་ཐོག་ཏུ་ཁྱོན་མི་ཐེངས་180ཡིས་ལོ་རྒྱུས་མདོར་བསྡུས་སྤྲད་པ་དང་། མི་62ལ་འདོད་མོས་རགས་ཙམ་བྱུང་ཡོད། མི་12ས་གནས་ས་ཐོག་ཏུ་དངོས་སུ་གྲོས་མཐུན་བཞག་ཡོད་པ་རེད།