འབྲི་ཆུའི་རྒྱུད་ཀྱི་གཞུང་ལམ་ཨ་མའི་དྲ་རྒྱ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ།
G3ཐུང་ལིན་འབྲི་ཆུའི་གཞུང་ལམ་དང་ལྕགས་ལམ་གཉིས་ལྡན་ཟམ་ཆེན་འཛུགས་སྐྲུན་བྱ་ཡུལ་དུ། ཟམ་ཆེན་གྱི་ཞོར་གཏོགས་ལས་གྲྭའི་ཨར་ལས་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ་འདི་ནི་འབྲི་ཆུ་སྒྲོལ་བའི་བགྲོད་ལམ་གཞན་ཞིག་རེད། མིག་སྔར། ཁྱོན་རིང་ཚད་སྤྱི་ལེ་11.88ཟིན་པའི་ཟམ་ཆེན་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་དང་། ཞོར་གཏོགས་ལས་གྲྭ་ཁག་ལས་མཇུག་སྒྲིལ་བཞིན་ཡོད་པས་འདི་ལོའི་ཟླ་7པར་རླངས་འཁོར་ཤར་གཏོང་ཐུབ་པའི་ཆ་རྐྱེན་འཛོམས་ཡོད།
འབྲི་ཆུའི་གཞུང་ལམ་ཨ་མའི་གཙང་པོ་སྒྲོལ་ནུས་ཆེ་རུ་གཏོང་ཆེད། ཟམ་ཆེན་འདིར“མྱུར་བགྲོད་གཞུང་ལམ་དང་། གྲོང་སྦྲེལ་ལྕགས་ལམ། ཟོག་འདྲེན་ལྕགས་ལམ”བཅས་མཉམ་འདུས་གཙང་སྒྲོལ་ཐུབ་ཡོད།
ཟམ་ཆེན་ཞིག་གིས་འབྲི་ཆུའི་ལྷོ་ངོགས་ཀྱི་ཐུང་ལིན་གྲོང་ཁུལ་དང་བྱང་ངོགས་ཀྱི་ཙུང་དབྱང་རྫོང་དམ་པོར་སྦྲེལ་ཡོད། འདི་ལོ་རླངས་འཁོར་ཤར་གཏོང་ཐུབ་རྗེས། རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་ཨ་མ་དང་ལམ་ཐག་འབྲིང་ཐུང་གྲོང་སྦྲེལ་འགྲིམ་འགྲུལ་གྱི་སྟབས་བདེའི་བགྲོད་ལམ་ཞིག་ཏུ་འགྱུར་རྒྱུ་མ་ཟད། ད་དུང་ཧོ་ཧྥེ་དང་། ཨན་ཆིང་། ཐུང་ལིན་གྲོང་ཁུལ་བཅས་འབྲེལ་མཐུད་ཐུབ་པའི་མྱུར་བགྲོད་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་ཅིག་ཆགས་ནས་ཁྱབ་ཁོངས་དེ་བས་ཆེ་བའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་འགྲོ་རྒྱུ་དང་། ས་ཁོངས་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་རེད།
མིག་རྒྱང་རིང་པོས་འབྲི་ཆུའི་དཔལ་འབྱོར་ཁུལ་ལ་བལྟས་ཚེ། གཙང་སྒྲོལ་བགྲོད་ལམ་མགྱོགས་མྱུར་བསྐྲུན་པ་དང་རྐང་འཛིན་གཞུང་ལམ་ཡང་རྒྱུན་མཐུད་སྣུར་སྲིང་བྱེད་བཞིན་ཡོད། ནུབ་ཕྱོགས་སུ་ཝུའུ་ཁྲུང(ཝུའུ་ཧན་ནས་ཁྲུང་ཆིན་བར)མྱུར་བགྲོད་གཞུང་ལམ་ཧུའུ་པེ་ལམ་དུམ་སྐྲུན་བཞིན་ཡོད། མིག་སྔར། ཧན་ཁྲོན་ནས་ཐེན་མོན་བར་གྱི་ལམ་དུམ་བསྐྲུན་ཟིན་ཡོད། ཝུའུ་ཧན་ནས་ཧན་ཁྲོན་བར་གྱི་ལམ་དུམ་དང་། སུའེ་གཡོད་མྱུར་བགྲོད་གཞུང་ལམ་ནས་ཐེན་མོན་ཅིན་མོན་ཅེ་བར་གྱི་ལམ་དུམ་སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་བསྐྲུན་ཟིན་རྒྱུ་དང་། ཐེན་མོན་ཅིན་མོན་ཅེ་ནས་ཨར་ཀོང་མྱུར་བགྲོད་གཞུང་ལམ་བར་གྱི་ལམ་དུམ་འཆར་གཞི་ལྟར་སང་ལོའི་ལོ་མཇུག་ཏུ་བསྐྲུན་ཟིན་རྒྱུ་རེད། རྣམ་གྲངས་4ལ་དུས་རིམ་བརྒལ་ཏེ་མ་དངུལ་སྒོར་དུང་ཕྱུར་288བཏང་བ་དེས་མ་འཇོག་བསྡོམས་འབོར་གྱི་73%བཟུང་ཡོད།
“འབྲི་ཆུའི་རྒྱུད་ཀྱི་གཞུང་ལམ་ཨ་མ་ལེགས་སུ་བཏང་བ་དེས་འབྲི་ཆུའི་གཞུང་རྒྱུན་གྱི་སྟོད་སྨད་རྒྱུད་དང་གཡས་གཡོན་ངོགས་ཤར་གཏོང་ཐུབ་པའི་ཕྱོགས་བསྡུས་ཀྱི་ལངས་གཟུགས་འགྲིམ་འགྲུལ་བར་ཁྱམས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁོངས་མཉམ་ལས་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ། ཤར་ནུབ་འཕྲེད་བརྒལ་དང་། ལྷོ་བྱང་འབྲེལ་མཐུད། གཙང་པོ་དང་རྒྱ་མཚོར་ཤར་གཏོང་ཐུབ་པ་བཅས་ཀྱི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་དམིགས་བསལ་ལེགས་ཆ་དེ་བས་ཡག་པོ་འདོན་པ་བཅས་བྱས་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད”ཅེས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བརྗོད།
“མིག་སྔར། འབྲི་ཆུའི་རྒྱུད་ཀྱི་གཞུང་ལམ་ཨ་མའི་དྲ་རྒྱ་འཛུགས་སྐྲུན་ལ་ཤར་གཏོང་བྱེད་རྒྱུའི་ལམ་དུམ་ཅུང་མང་བ་དང་ཞིང་ཆེན་བར་གྱི་བཅུར་འགག་གནད་དོན་མངོན་གསལ་དོད་པ་སོགས་ཀྱི་འགག་གནད་དང་དཀའ་གནད་སྔར་བཞིན་གནས་ཡོད”ཅེས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཕྱོགས་བསྡུས་འཆར་འགོད་སིའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བརྗོད་པ་དང་། ཁོང་གིས། གོམ་སྟབས་རྗེས་མར་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ནས་འབྲི་ཆུའི་རྒྱུད་ཀྱི་གཞུང་ལམ་ཨ་མའི་དྲ་རྒྱ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་གི་ཡིན། “ཕྱོགས་གཅིག་ནས་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་གྱི་བྲེལ་ཟིང་ཆེ་བའི་བགྲོད་ལམ་ཤོང་སྐྱེད་སྒྱུར་བཀོད་ལ་ཚན་རིག་དང་མཐུན་པའི་ངང་སྐུལ་འདེད་བཏང་ནས། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་ཨ་མ་དཀྱུས་མའི་ཤར་གཏོང་བྱེད་རྒྱུའི་ལམ་དུམ་འཛུགས་སྐྲུན་དང་རིམ་པ་དམའ་བའི་ལམ་དུམ་སྤུས་ཚད་མཐོ་རུ་གཏོང་བ་དང་རིམ་སྤོར་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ལམ་དྲའི་སྤྱི་ཡོངས་ཀྱི་ནུས་པ་ཆེ་རུ་གཏོང་གི་ཡིན། ཕྱོགས་གཞན་ཞིག་ནས་ཁྱིམ་མཚེས་ཞིང་ཆེན་དང་གྲོང་ཁྱེར་གྱིས་ལམ་དྲ་འཆར་འགོད་དང་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བར་མཛུབ་ཁྲིད་ཧུར་ཐག་བྱས་ནས། འཛུགས་སྐྲུན་ཚད་གཞི་དང་འཛུགས་སྐྲུན་གོ་སྐབས་ལ་སྤྱི་འདོམས་བསམ་གཞིག་བྱས་ཏེ་གཞུང་ལམ་ཨ་མའི་ཞིང་སྦྲེལ་བཅུར་འགག་སྣང་ཚུལ་རྒྱུན་མཐུད་མེད་པར་བཟོ་གི་ཡིན”ཞེས་བརྗོད་པ་རེད།