དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧན་ཁྲུན་ལིན།   |     སྤེལ་དུས།  2025-03-26

    2024ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཨ་སི་ཐ་ན་དབུ་ཚོགས་རྗེས་ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཧྲང་ཧའེ་མཉམ་ལས་རྩ་འཛུགས་+”ཨ་སི་ཐ་ན་དབུ་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་ནས“ང་ཚོས་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་ཐོག་མཐའ་བར་གསུམ་དུ‘ཧྲང་ཧའེ་ཡི་སྙིང་སྟོབས’རྒྱུན་འཁྱོངས་བྱས་ཏེ་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པ་དང་རང་ས་ཁུལ་གྱི་དོན་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་དེ་བས་མཛེས་སྡུག་ལྡན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་ནས་རྒྱལ་ཁབ་ཁག་གི་མི་དམངས་བདེ་སྡོད་དང་། ལས་བརྩོན། བདེ་སྐྱིད་བཅས་ཡོང་བར་བྱེད་དགོས་པ་མ་ཟད། མཐུན་སྒྲིལ་ཡིད་ཆེས་དང་། ཞི་བདེ་བདེ་འཇགས། དར་རྒྱས་གོང་འཕེལ། ཁྱིམ་མཚེས་མཛའ་མཐུན། དྲང་གཞག་དྲང་བདེན་བཅས་ཀྱི“ཐུན་མོང་གི་ཁྱིམ་གཞིས་ལྔ”བསྐྲུན་དགོས་པའི་ནན་བཤད་གནང་བ་རེད། ཕྱོགས་ཁག་ལ་དེའི་ཐད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་སྟེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་བཞིན་ཡོད། “ཧྲང་ཧའེ་ཡི་སྙིང་སྟོབས”ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བའི་སྐྱེ་སྟོབས་གནས་ས་ཡིན་པས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཡུན་རིང་འཕེལ་རྒྱས་འགྲོ་བའི་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པའི་ངོས་འཛིན་བྱས་ཡོད།

    ཧྲང་ཧའེ་མཉམ་ལས་རྩ་འཛུགས་2001ལོར་བཙུགས་ཚུན། ཐོག་མའི་ཁོངས་ཞུགས་རྒྱལ་ཁབ་6ནས་ད་ཆའི་རྒྱལ་ཁབ་26ལས་གྲུབ་པའི“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་མོའི”བར་འཕེལ་རྒྱས་ཕྱིན་ཏེ། དེང་སྐབས་འཛམ་གླིང་ཐོག་ཁྱབ་རྒྱ་ཆེ་ཤོས་དང་མི་འབོར་མང་ཤོས་ཀྱི་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཏུ་གྱུར་ཡོད།

    ཕན་ཚུན་ཡིད་ཆེས་དང་། གཉིས་ཕན། འདྲ་མཉམ། གྲོས་མོལ། ཤེས་དཔལ་སྣ་མང་ལ་བརྩི་འཇོག ཐུན་མོང་འཕེལ་རྒྱས་དོན་གཉེར་བཅས་ཀྱི“ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་ཁྲིད་སྟོན་འོག ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཆབ་སྲིད་དང་། བདེ་འཇགས། དཔལ་འབྱོར། མི་ཆོས་རིག་གནས། ཕྱི་ཕྱོགས་འགྲོ་འོང་། ལམ་སྲོལ་འཛུགས་སྐྱོང་བཅས་ཁྱབ་ཁོངས་ཆེན་པོ་དྲུག་གི་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་དོན་དངོས་དང་ཕྱོགས་ཁག་གི་དགོས་མཁོ་དང་མཐུན་པའི་མཉམ་ལས་དང་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་དེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པའི་དཔེ་མཚོན་ཞིག་བཏོད་ཡོད།

    ཀྲུང་གོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་གསར་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཡིན་པས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཕྱི་འབྲེལ་སྤྱི་ཡོངས་ཀྱི་དམིགས་བསལ་གྱི་གནས་བབ་གལ་ཆེན་དུ་བཞག་ཡོད། རྩ་འཛུགས་འདིའི་རོགས་ཟླ་དང་མཐུན་སྒྲིལ་མཉམ་ལས་བྱེད་མཁན་དང་། “ཧྲང་ཧའེ་ཡི་སྙིང་སྟོབས”ཁས་ལེན་མཁན་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་དེ་བས་མང་བ་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་མདུན་ལམ་སྔར་བས་འོད་ཟེར་ལྡན་པ་ཞིག་ཡོང་འདོད་བྱེད་ཀྱི་ཡོད། ད་ལོ་ཚུན་དུ། ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་ལས་དོན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཛའ་གྲོགས་དང་། མཐུན་སྒྲིལ། གཡུར་ཟའི་གྲུབ་འབྲས་བཅས་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་གཅིག་དང་དེ་བཞིན་ལམ་སྲོལ་རང་བཞིན་གྱི་ཚོགས་འདུ་ཐེངས་40ལྷག་ཙམ་གཙོ་གཉེར་བྱ་རྒྱུ་ཡིན་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྲིད་ཏང་གླེང་སྟེགས་དང་། དབུལ་པོ་ཉུང་གཏོང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གླེང་སྟེགས། དམངས་ཁྲོད་མཛའ་གྲོགས་གླེང་སྟེགས་དང་མཛའ་གྲོགས་གྲོང་ཁྱེར་གྱི་གླེང་སྟེགས། དེ་བཞིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་གློག་བརྙན་དུས་ཆེན་སོགས་ཀྱི་བྱེད་སྒོ་གཉེར་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཆབ་སྲིད་བདེ་འཇགས་དང་། ཕན་ཚུན་སྦྲེལ་མཐུད། དཔལ་འབྱོར་ཚོང་དོན་མ་འཇོག ལྗང་མདོག་འཕེལ་རྒྱས། མི་ཆོས་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། འཁོར་སྐྱོད་ལམ་སྲོལ་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་འགྲོ་འོང་མཉམ་ལས་རྒྱུན་མཐུད་རྒྱ་སྐྱེད་གཏོང་བ། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་མོའི”ཁོངས་མི་དང་ས་ཁུལ་དང་རྒྱལ་ཁབ་ཀྱི་མི་དམངས་ལ་ཁེ་ཕན་དངོས་སྔར་ལས་མང་བ་གཏོད་རྒྱུ་རེད།

    ཀྲུང་གོས་ཧ་སག་སི་ཐན་དང་མུ་མཐུད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ། སྔར་ལས་མཛེས་སྡུག་ལྡན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་པ། ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྔར་ལས་ལེགས་པའི་སྒོ་ནས་སྲུང་སྐྱོང་དང་ཁོངས་ཞུགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཇུས་གཞི”མཁོ་འདོན་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྟོབས་ཤུགས”སྐྱེས་སུ་འབུལ་འདོད་ཡོད།

    (རྩོམ་པ་པོ་ནི་ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།