“ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཕྱིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད”
ཀྲུང་གོར་བཅའ་སྡོད་ལི་ལའེ་ཀུང་སིའི་ཙུང་ཚའེ་དང་སྤྱི་ཁྱབ་ཅིང་ལི་གཅིག་ལྕོགས་ཏེ་ཧོ་ལན་ལ་བཅར་འདྲི་བྱས་པ།
པེ་ཅིང་དུ་2024ལོའི་ཞབས་ཞུའི་ཚོང་འདུས་ལ་ཞུགས་པ་དང་། ཅང་སུའུ་རུ་ལི་ལའེ་སུའུ་ཀྲོའུ་བཟོ་གྲྭའི་ཐོན་ནུས་རིམ་སྤོར་བྱས་ཚུལ་ཁྱབ་བསྒྲགས་བྱེད་པ། ཧྲང་ཧའེ་རུ་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པར་ཞུགས་པ་སོགས་ཀྲུང་གོར་བཅའ་སྡོད་རྒྱལ་མཚམས་སྒྲོལ་བའི་སྨན་རྫས་ཁེ་ལས་ལི་ལའེ་ཀུང་སིའི་ཙུང་ཚའེ་དང་སྤྱི་ཁྱབ་ཅིང་ལི་གཅིག་ལྕོགས་ཏེ་ཧོ་ལན་གྱིས་ན་ནིང་ལས་གནས་ཁུར་མ་ཐག་ཀྲུང་གོའི་གྲོང་ཁྱེར་མང་པོར་བསྐྱོད་ནས་ལས་བྲེལ་ཧ་ཅང་ཆེན་པོ་བྱུང་ཡོད།
“ལས་གནས་ཁུར་ནས་ལོ་གཅིག་སོང་རིང་། ཀྲུང་གོའི་དཔལ་འབྱོར་གྱི་གསོན་ཤུགས་ཆེན་པོ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོར་མྱོང་ཚོར་ཟབ་མོ་བྱུང་། ནད་པ་དང་། སྨན་པ། མཉམ་ལས་རོགས་ཟླ་བཅས་དབར་སྤེལ་རེས་བྱེད་རིང་། ངས་ཀྲུང་གོའི་སྨན་རྫས་ལས་རིགས་སུ་རང་བརྟེན་གསར་གཏོད་ལ་སྔར་བས་མཐོང་ཆེན་བྱེད་བཞིན་པ་དོ་སྣང་བྱུང་། དེ་ནི་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཕྱིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད”ཅེས་ཉེ་ཆར་ཏེ་ཧོ་ལན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
“ཀྲུང་གོའི་སྨན་རྫས་ཁྲོམ་རར་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། མི་ཐབས་རིག་ནུས་སོགས་ཚན་རྩལ་གསར་གཏོད་ཀྱིས་སྒུལ་ཤུགས་ཆེན་པོ་བཏོན་པས་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ལ། ཐོན་ལས་འཁོར་འབྲེལ་གྱི་མ་ལག་ཀྱང་སྔར་བས་འཐུས་སྒོ་ཚང་དུ་སོང་ནས་ཀྲུང་གོའི་རང་སའི་ཁེ་ལས་ཀྱི་གསར་གཏོད་ནུས་པ་ཉིན་རེ་ལས་མ་འདས་པར་ཆེ་རུ་འགྲོ་བཞིན་ཡོད”ཅེས་ཏེ་ཧོ་ལན་གྱིས་བཤད་པ་དང་། ཁོང་གིས་སྐྱེ་དངོས་སྨན་རྫས་ཁྱབ་ཁོངས་ཀྱི་སྔོན་སྐྱོད་ཁེ་ལས་ལི་ལའེ་ཀུང་སིས་ཀྲུང་གོའི་ཁེ་ལས་དང་མཉམ་ལས་བྱེད་པར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་བདེ་ཐང་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བཤད།
ད་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་དུས་ཡུན་རིང་པོའི་ནད་གཡོག་འགན་བཅོལ་གྱི་ལམ་ལུགས་གང་མགྱོགས་འཛུགས་རྒྱུ་ཡིན་པ་བསྟན་ཡོད། ཏེ་ཧོ་ལན་གྱིས་ཀྲུང་གོ་སྲིད་གཞུང་གིས་རྒན་རྒོན་འབོར་ཆེན་དུ་གྱུར་པའི་བདེ་ཐང་གི་གནད་དོན་ལ་མཐོང་ཆེན་པོ་བྱས་ཏེ་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པས། བདེ་ཐང་འཛད་སྤྱོད་ཀྱི་དགོས་མཁོ་དང་མི་མངོན་པའི་སྟོབས་ཤུགས་ལ་སྐུལ་སྤེལ་ཐུབ་ཡོད། “ཀྲུང་གོའི་སྨན་བཅོས་དང་བདེ་ཐང་ལས་རིགས་འགག་རྩའི་ཕྱོགས་སྒྱུར་དུས་མཚམས་སུ་སླེབས་པས། སྐྱེ་དངོས་སྨན་བཟོའི་ལས་རིགས་ཀྱང་གསར་གཏོད་སྐུལ་འདེད་རྣམ་པའི་འཕར་ཕྱོགས་སུ་འགྱུར་རྒྱུ་ཡིན་པ་རེད”ཅེས་ཏེ་ཧོ་ལན་གྱིས་བཤད་པ་དང་། ཁོང་གིས“ཀྲུང་གོར་གཞིས་ཚུགས་ནས་ཀྲུང་གོར་ཕན་བདེ་སྐྲུན་པའི”འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ལི་ལའེ་ཀུང་སིའི་གསར་གཏོད་ཀྱི་གྲུབ་འབྲས་སྔར་ལས་མང་བ་ཀྲུང་གོར་གང་མགྱོགས་ནང་འདྲེན་བྱས་ཏེ་བདེ་ཐང་ཀྲུང་གོའི་དམིགས་ཚད་མངོན་འགྱུར་ཡོང་བར་རམ་འདེཌ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།