རེ་བའི་ཞིང་ས་རྨོས། བདེ་སྐྱིད་འཚོ་བར་རོལ།
རྒྱ་ཚ་རྫོང་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཞིང་འབྲོག་ཁུལ་གྱི་སྡོད་ཁང་སྒྱུར་བཀོད་ལས་གྲྭའི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
འདི་ནི་རྒྱ་ཚ་རྫོང་གི་འབྲེལ་ཡོད་ལས་དོན་པ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་སྡོད་ཁང་སྒྱུར་བཀོད་སྐོར་ལ་བརྟག་ཞིབ་ལས་དོན་སྤེལ་བཞིན་པ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གིས་ཞིང་འབྲོག་ཁུལ་གྱི་སྡོད་ཁང་སྒྱུར་བཀོད་ཚད་བརྒལ་སར་བྱས་ནས་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་ཡོང་བ་དང་སྡོད་ཁང་གི་སྤུས་ཚད་མཐོ་རུ་གཏོང་བ་དེ་དམངས་འཚོ་ལེགས་སུ་གཏོང་བའི་གཙོ་གནད་ལས་གྲྭ་ཞིག་ཏུ་བརྩིས་ཏེ་འབྲེལ་ཡོད་ཀྱི་འགན་སྲུང་སྲིད་ཇུས་སྔ་རྗེས་སུ་བཟོས་པས། ཞིང་འབྲོག་མང་ཚོགས“སྡོད་ཁང་ཡོད་པ”ནས“སྡོད་ཁང་ཡག་པོར”སྡོད་རྒྱུ་བྱུང་ནས་ཞིང་འབྲོག་ཁུལ་གྱི་སྡོད་ཁང་སྒྱུར་བཀོད་ལས་གྲྭའི་སྤུས་འབྲས་ལེགས་གཉེར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
རྒྱ་ཚ་རྫོང་གིས་ཁ་གསབ་བྱ་དགའ་སྤྲོད་པའི་ལམ་སྲོལ་དང་། གྲོང་གསེབ་ཀྱི་སྡོད་ཁང་བདེ་འཇགས་འགན་ལེན། ཁང་པ་ཐོག་དཔངས་དམའ་བ་དང་རྙིང་པ་སྒྱུར་བཀོད་བཅས་ཀྱི་ལས་ཀའི་འགོ་ཁྲིད་ཚོགས་ཆུང་སྔ་རྗེས་སུ་བཙུགས་ནས་ཚད་གཞི་དང་ཡང་ཡང་བསྡུར་ཏེ་ལས་ཀའི་ཇུས་གཞི་དོན་འཁྱོལ་དང་། གཙོ་རྒོལ་གྱི་ཁ་ཕྱོགས་གསལ་པོ་བཟོས་ནས་ཤང་དང་། གྲོང་རྡལ། སྡེ་ཚན་བཅས་ཁག་གི་ཞིབ་ཕྲའི་འགན་འཁྲི་སྔར་བས་ནན་དུ་བཏང་ཞིང་། རྒྱ་ཚ་རྫོང་གི་ཏང་ཡོན་ལས་བྱེད་པ་40ལྷག་ཙམ་གཞི་རིམ་དུ་བཅའ་སྡོད་བྱས་ནས། ཆེད་མངགས་སྙན་ཞུ་རེ་བྲིས་པ་དང་། སྲིད་ཇུས་དོན་འཁྱོལ་གྱི་བསམ་འཆར་དང་གྲོས་འགོ་ཁག་10ལྷག་ཙམ་བསྡུ་རུབ་བྱས་ཏེ། འབྲེལ་ཡོད་ཀྱི་བླང་བྱ་གཞིར་བཟུང་གཙོ་གནད་དང་དཀའ་གནད་ཁག་5མཉམ་དུ་མཐུན་སྦྱོར་ཐག་གཅོད་དང་། ཁ་གསབ་བྱ་དགའ་སྤྲོད་པའི་ལམ་སྲོལ་སྲིད་ཇུས་ལག་ལེན་བསྟར་ཡུལ་ཤང་དང་གྲོང་རྡལ་7དང་ཁང་པ་ཐོག་དཔངས་དམའ་བ་དང་རྙིང་པ་སྒྱུར་བཀོད་ཚོད་ལྟ་བྱ་ཡུལ་ཤང་དང་གྲོང་རྡལ་2གནད་སྨིན་གཏན་འཁེལ་བྱས་པས། སྡོད་ཁང་སྒྱུར་བཀོད་ཀྱི་ལས་དོན་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་འགྱུར་བར་སྐུལ་མ་ནུས་ལྡན་ཐེབས་ཡོད།
རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་7ལ་ཁ་གསབ་བྱ་དགའ་སྤྲོད་པ་དང་། ཁང་པ་ཐོག་དཔངས་དམའ་བ་དང་རྙིང་པ་ཚོད་ལྟའི་སྒྱུར་བཀོད་ཀྱི་དགོས་མཁོར་དམིགས་ནས་ཕྱོགས་གསུམ་པའི་ཆེད་ལས་སྒྲིག་གཞི་གདན་དྲངས་ཏེ། གཅིག་ལ་གཅིག་གཏད་ཀྱི་སྒོ་ནས་སྡོད་ཁང་གི་སྤུས་ཚད་དང་བདེ་འཇགས་རིམ་པར་ཞིབ་བཤེར་བྱེད་པའི་ལས་དོན་སྤེལ་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་རྒྱ་ཚ་རྫོང་གིས་དུད་ཚང་325ཡི་ཁང་པར་ཞིབ་དཔྱད་ཚད་ལེན་བྱས་པའི་ཁྲོད་རིམ་པ་Cཡི་གྲོང་གསེབ་ཀྱི་དུད་ཚང་62ཡོད་པ་དང་། རིམ་པ་Dཡི་གྲོང་གསེབ་ཀྱི་དུད་ཚང་གཅིག་ཀྱང་མེད་པ་ཤེས་རྟོགས་བྱུང་སྟེ། སྒྱུར་བཀོད་བྱ་ཡུལ་དུད་ཚང་76གནད་སྨིན་གཏན་འཁེལ་ཐུབ་ནས་ཕྱོགས་ཡོངས་ནས་སྡོད་ཁང་སྒྱུར་བཀོད་ཀྱི་བདེ་འཇགས་གསལ་འབྱེད་ལས་དོན་སྤེལ་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
རྒྱ་ཚ་རྫོང་གི་སྡོད་ཁང་སྒྱུར་བཀོད་ཐད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འདོད་བློ་བསྐངས་ནས། སྒྱུར་བཀོད་ལས་གྲྭ་དེ་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་དམངས་འཚོའི་བྱ་བ་དངོས་ལ་འགྱུར་བར་བྱས་ཏེ། “རྫོང་རིམ་པས་སྤྱི་འདོམས་དང་། སྡེ་ཚན་གྱིས་མཐུན་སྦྱོར། གྲོང་གསེབ་ཏུ་དོན་འཁྱོལ། ཞིང་དུད་ཞུགས་པ”བཅས་ཀྱི་ཞིང་འབྲོག་ཁུལ་གྱི་སྡོད་ཁང་སྒྱུར་བཀོད་ལས་ཀའི་ལམ་སྲོལ་གསར་པ་གང་མགྱོགས་བཟོས་ནས་རྫོང་གི་གནས་ཚུལ་དངོས་ལ་གང་ལེགས་གཞིགས་པ་དང་། དམིགས་ཚད་དང་ལས་འགན་ལ་དམིགས་ཏེ་མང་ཚོགས་ཀྱིས་མ་དངུལ་རང་གྲབས་དང་སྲིད་གཞུང་གིས་ཁ་གསབ་སྤྲོད་པའི་བྱ་ཐབས་སྤྱད་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོ་ནས་བཟུང་། རིམ་རྩིས་བརྒྱབ་ན་རིམ་པ་དེ་གའི་ནོར་སྲིད་ཀྱིས་སྡོད་ཁང(ཉེན་ཡོད་ཁང་པ)སྒྱུར་བཀོད་ཐད་བྱ་དགའ(ཁ་གསབ)མ་དངུལ་སྒོར་ཁྲི་230.5བཏང་ཡོད་པ་རེད།