རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་ཚང་འཛོམས(རྒྱ་ཆེ)ཚོགས་འདུ་འཚོགས་པ།
ཚེས་24ཉིན། རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་ཚང་འཛོམས(རྒྱ་ཆེ)ཚོགས་འདུ་ལྷ་སར་འཚོགས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་བུད་མེད་དང་བྱིས་པའི་ལས་དོན་ལེགས་པར་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་དང་བྱིས་པ་སྔོན་ལ་འཕེལ་རྒྱས་གཏོང་བའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། བུད་མེད་དང་བྱིས་པའི་ཁེ་དབང་དེ་བས་འགན་སྲུང་ཡོད་པ་དང་། མི་ཚེ་དེ་བས་དོན་སྙིང་ལྡན་པ། འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། གཙོ་གནད་ལས་དོན་ལ་དམིགས་ཏེ་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། བུད་མེད་དང་བྱིས་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། བུད་མེད་དང་བྱིས་པའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་ནན་དཀྲིས་དང་། མཐུན་སྦྱོར་ལ་ཤུགས་སྣོན། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་བུད་མེད་དང་བྱིས་པའི་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།