ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཀྲང་ཧྥེ་རན།
“ང་རང་ནང་ས་ནས་ཡོང་ནའང་ས་མཐོའི་ཕྲུ་གུ་ཞིག་ཡིན”
ལོ་20ལྷག་ཙམ་གྱི་གོང་། ཆོས་མཚོ་ཧོ་ནན་ནན་དབྱང་དུ་མནའ་མར་ཕྱིན། ལོ་20ཡི་རྗེས་ཁོང་གི་བུ་མོ་ཀྲང་ཧྥེ་རན་ཧོ་ནན་ནས་བོད་དུ་ཡོང་སྟེ་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཞིག་བྱས།
ཨ་མ་ལགས་ཀྱིས་གསུངས་པའི་ཐག་རིང་གི་ཕ་ཡུལ།
ཀྲང་ཧྥེ་རན་ལོ་བཅུ་གཉིས་བཅུ་གསུམ་ལ་སླེབས་སྐབས། ཉིན་ཞིག་ཆོས་མཚོས་ལག་ནང་གི་ལས་ཀ་བྱེད་འཕྲོ་བཞག་ནས་བུ་མོར“རང་ཆེན་པོ་ཆགས་རྗེས་ལས་ཀ་གང་བྱེད་འདོད་ཡོད་དམ”ཞེས་དྲིས།
སྐབས་དེ་དུས་ལོ་ན་ཕྲ་བའི་ཀྲང་ཧྥེ་རན་ལ་ཕུགས་བསམ་སྣ་ཚོགས་ཡོད་སྟབས་བསམ་བློ་ཡང་མ་བཏང་བར“ངས་གསལ་པོ་ཤོད་ཤེས་མ་སོང་། ཡིན་ནའང་གྱོན་གོས་སྙིང་རྗེ་པོ་མང་པོ་གྱོན་རྒྱུ་བྱུང་ན་སྙམ་གྱི་འདུག”ཅེས་བརྗོད།
ཆོས་མཚོས་མགོ་གཡུག་ཙམ་བྱས་ནས“གྱོན་གོས་ཇི་ལྟར་མང་པོ་ཡོད་ནའང་དེ་དག་རྙིང་པ་ཆགས་པས་དངོས་འབྲེལ་དེར་དོན་སྙིང་མི་འདུག”ཅེས་བརྗོད།
ཀྲང་ཧྥེ་རན་གྱིས་བསམ་བློ་ཡུད་ཙམ་བཏང་རྗེས“ད་བྱས་ན་ང་རང་ང་ཚོའི་ཕ་ཡུལ་བོད་ཀྱི་མཐའ་མཚམས་ས་ཁུལ་དུ་རོགས་སྐྱོར་བྱེད་པར་འགྲོ་གི་ཡིན”ཞེས་བརྗོད།
བུ་མོས་བཤད་པའི་སྐད་ཆ་དེ་དག་ཐོས་སྐབས་ཆོས་མཚོའི་ངོ་གདོང་ནས་ཧང་སངས་པའི་རྣམ་འགྱུར་ཞིག་རང་དབང་མེད་པར་མངོན། ཁོང་གིས་སེམས་འགུལ་ཐེབས་བཞིན་བུ་མོར་བོད་ཀྱི་ཡུལ་ལྗོངས་དང་ཡུལ་སྲོལ་གོམས་འདྲིས་དང་དེ་བཞིན་ས་མཐོའི་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེ་བས།
འཛུགས་སྐྲུན་བྱེད་པར་ཤེས་ལྡན་པ་དགོས་མཁོ་ཡོད་ལུགས་སོགས་ཀྱི་སྐོར་བརྗོད་པ་རེད།
ཨ་མའི་ཤུགས་རྐྱེན་འོག བུ་མོ་ཀྲང་ཧྥེ་རན་གྱིས་གངས་ལྗོངས་ས་མཐོར་ཡིད་སྨོན་བྱེད་པ་དང་བོད་ལྗོངས་ འཛུགས་སྐྲུན་གྱི་སྤྲོ་སེམས་ཆེན་པོ་འཕེལ་ཡོད།
བུ་མོའི་སེམས་ནང་གི་ཡིད་སྨོན་བྱ་ཡུལ།
དུས་ཀྱི་འཁོར་ལོ་དང་བསྟུན་ནས་ཀྲང་ཧྥེ་རན་སློབ་ཆེན་ནས་ཐོན་ཞིང་། སློབ་ཆེན་འགྲིམ་སྐབས་ཁོང་ལ་སྔ་རྗེས་སུ་ཧུའུ་ནན་ཞིང་ཆེན་གྱི་2024ལོའི་ཕུལ་བྱུང་སློབ་ཐོན་སློབ་མ་དང་། རྒྱལ་ཁབ་ཀྱི་བརྩོན་སྐྱེད་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ། ཕུལ་བྱུང་སློབ་མའི་ལས་བྱེད་པ། ཕུལ་བྱུང་སློབ་མ། སྤྱི་ཚོགས་ལག་ལེན་གྱི་ཕུལ་བྱུང་མི་སྒེར་སོགས་ཀྱི་གཟི་བརྗིད་དང་མཚན་སྙན་ཐོབ་ཡོད།
སློབ་གྲྭ་ཐོན་ཉེའི་མཚམས་སུ། ཁོང་གི་སྦྱངས་འབྲས་ལེགས་པའི་རྐྱེན་གྱིས་སྨྱན་སྦྱོར་ཀུང་སི་ཁ་ཤས་ཤིག་གི་བསྡུ་ལེན་བརྡ་ཐོ་འབྱོར་མོད། འོན་ཀྱང་ཁོང་གི་སེམས་ནང་སྔར་བཞིན་སྟོང་ལྷང་ལྷང་གི་ཚོར་སྣང་ཞིག་བྱུང་ནས་དེ་རང་ཉིད་ཀྱིས་དངོས་འབྲེལ་གདམ་ག་བྱེད་པའི་མི་ཚེའི་ཁ་ཕྱོགས་ཤིག་མིན་པའི་སྣང་བ་ཡོང་གི་ཡོད།
ཐེངས་ཤིག་ཀྲང་ཧྥེ་རན་གྱིས་འབྲེལ་ཡོད་ཆ་འཕྲིན་ལྟ་བའི་སྐབས་སུ་ནུབ་རྒྱུད་འཆར་གཞིར་ལས་མི་བསྡུ་བའི་ཆ་འཕྲིན་མཐོང་། “བོད་ལྗོངས”ཞེས་པའི་ཡིག་འབྲུ་ཁོང་གིས་མཐོང་སྐབས་སེམས་ནང་བརྗོད་མི་ཤེས་པའི་སྤྲོ་སྣང་ཞིག་བསྟེར་བ་མ་ཟད། སྟོབས་ཤུགས་ཀྱང་སྦྱིན།
དེའི་དུས་ན་ཀྲང་ཧྥེ་རན་གྱི་སེམས་སུ་དེ་ནི་ང་སྐྱོད་སའི་གནས་ཡིན། ང་བོད་ལ་སྐྱོད་ཐག་ཆོད་ཡིན་ཞེས་དམ་བཅའ་བཞག
མིང་ཐོ་འགོད་པ་དང་། ཡིག་རྒྱུགས་གཏོང་བ། ངོ་རྒྱུགས་གཏོང་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ། ལས་མི་བསྡུ་བའི་ལས་དོན་མཇུག་འགྲིལ་རྗེས། ཀྲང་ཧྥེ་རན་རང་ཉིད་ཀྱི་བློ་འདོད་ལྟར་བོད་ལྗོངས་སུ་ཚུད་པས། ཁོང་གིས་དེ་མུར་ཨ་མར་ཁ་པར་བརྒྱབ་ནས་གཏམ་བཟང་དེ་བཤད།
ཨ་མས་བུ་མོ་བོད་དུ་ལས་ཀ་བྱེད་པར་འགྲོ་མཁན་ཡིན་པ་ཤེས་སྐབས“བུ་མོ། རང་ཉིད་ཀྱི་ཕ་ཡུལ་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐྱོད་ཅིག”ཅེས་སྤོབས་པ་ཆེན་པོས་བརྗོད།
2024ལོའི་ཟླ་8པར། ཀྲང་ཧྥེ་རན་བོད་དུ་ཡོང་། ཁོང་ཐོག་མར་ས་ཆ་དེར་སླེབས་སྐབས་སེམས་ནང་རང་ཉིད་ཀྱང་ས་ཆ་དེ་ག་ནས་ཡིན་སྙམ་པའི་བརྗོད་མི་ཤེས་པའི་ཚོར་སྣང་ཞིག་ངང་གིས་སྐྱེས།
ལང་ཚོའི་ཁྲག་དྲོན་ལ་བརྟེན་ནས་མི་ཚེའི་ལམ་བུ་གསར་པར་བསྐྱོད།
ཀྲང་ཧྥེ་རན་བོད་དུ་ཡོང་ཐེངས་དང་པོ་ཡིན་ཡང་གཟུགས་པོ་མི་བདེ་བ་དང་ལ་དུག་རྒྱག་པ་སོགས་ཀྱི་གནས་ཚུལ་ཐོན་མེད་པས་ས་ཆ་དེས་རང་ཉིད་ལ་བསུ་བ་ཞུ་བ་ལྟར་སྣང་། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་གངས་ལྗོངས་ས་མཐོར་རང་ཉིད་ཀྱི་འཚོ་བ་གསར་པ་ཞིག་སྐྱེལ་རྒྱུའི་རེ་སྒུག་བྱེད་བཞིན་མཆིས།
ཀྲང་ཧྥེ་རན་འབྲེལ་ཡོད་གསོ་སྦྱོང་ནང་ཞུགས་རྗེས་རྩ་འཛུགས་ཀྱིས་ཁོང་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་རུ་ལས་བགོས་བརྒྱབ། ཁོང་གིས“ང་ཨ་མ་ལགས་ཀྱི་ཕ་ཡུལ་ཆབ་མདོར་ལས་བགོས་བརྒྱབ་མེད་རུང་། ངས་རང་ཉིད་ཀྱི་ཆེད་ལས་དང་འཚམ་པའི་ལས་ཀ་ཞིག་བྱེད་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་། བོད་ཀྱི་ས་ཆ་གང་དུ་སླེབས་ཀྱང་ངས་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བརྗོད།
ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་ཐོག དང་བླངས་པའི་ལས་གོས་གྱོན་པའི་ཀྲང་ཧྥེ་རན་མི་ཚོགས་ཁྲོད་ལས་ལ་བྲེལ་བཞིན་མཆིས། ཁོང་གིས་སེམས་རྩ་འཁོལ་པོས་མང་ཚོགས་ལ་ལམ་སྟོན་རོགས་དང་དཀའ་ངལ་སེལ་རོགས་བྱས་ཤིང་། ཁོང་གིས“མང་ཚོགས་ཚོའི་ངོ་གདོང་ནས་འཛུམ་མདངས་འཕྱུར་སྐབས་སེམས་ནང་དགའ་ཚོར་ཆེན་པོ་སྐྱེ་གི་འདུག”ཅེས་བརྗོད།
དང་བླངས་ཞབས་ཞུའི་བྱེད་སྒོས། ཀྲང་ཧྥེ་རན་ལ་སྤྲོ་སྣང་སྦྱིན་པ་མ་ཟད། རང་ཉིད་ཀྱི་མི་ཚེའི་རིན་ཐང་འཚོལ་ཐུབ་ཡོད།
“གཞན་ཕན་སྒྲུབ་རྒྱུ་དེ་ངའི་བདེ་སྐྱིད་ཡིན་སྙམ་གྱི་འདུག”ཅེས་བཅར་འདྲི་མཇུག་འགྲིལ་རྗེས་ཀྲང་ཧྥེ་རན་གྱིས་སྒེའུ་ཁུང་ཕྱི་རོལ་གྱི་གངས་རིར་ལྟ་བཞིན་གསར་འགོད་པར་དེ་ལྟར་བཤད། ཁོང་གིས“ང་རང་ནང་ས་ནས་ཡོང་རུང་ས་མཐོའི་ཕྲུ་གུ་ཞིག་ཡིན། མུ་མཐུད་གངས་ལྗོངས་ས་མཐོར་གཞིས་ཚུགས་རྒྱུ་མ་ཟད། དང་བླངས་ཞབས་ཞུའི་སྙིང་སྟོབས་ཀྱང་བརྒྱུད་སྤྲོད་བྱས་ནས་བོད་ལྗོངས་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ཡོད་ཚད་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད།