ཀྲུང་རི་ཧན་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུ་ཐེངས་བཅུ་གཅིག་པ་ཐོ་ཁེའོ་རུ་འཚོགས་པ།
ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཐོ་ཁེའོ་རུ་རི་པིན་གྱི་ཕྱི་འབྲེལ་པུའུ་ཀྲང་ཡན་ཝུའུ་དབྱི་དང་ཧན་གོའི་ཕྱི་འབྲེལ་པུའུ་ཀྲང་ཀྲའོ་ཏུའེ་ལེ་དང་མཉམ་དུ་ཀྲུང་རི་ཧན་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུ་ཐེངས་བཅུ་གཅིག་པར་ཞུགས་པ་རེད།
ཝང་དབྱི་ཡིས་བརྗོད་དོན། ཀྲུང་རི་ཧན་རྒྱལ་ཁབ་གསུམ་གྱི་མཉམ་ལས་ནི་ཨེ་ཤེ་ཡ་ཤར་མའི་ས་ཁུལ་གྱི་རྨང་གཞི་བརྟན་ཤོས་དང་། ལམ་སྲོལ་ཅན་གྱི་ཆུ་ཚད་མཐོ་ཤོས། འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་ཆེ་ཤོས་བཅས་ཀྱི་མཉམ་ལས་སྒྲོམ་གཞིའི་གྲས་ཤིག་ཡིན། རྒྱལ་ཁབ་གསུམ་དབར་མཉམ་ལས་བྱེད་འགོ་ཚུགས་ནས་ལོ་20ལྷག་ཙམ་སོང་རིང་། དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གསུམ་གྱི་མི་དམངས་དང་རང་ངོས་འཕེལ་རྒྱས་ལ་ཕན་པ་ཐོབ་པ་མ་ཟད། ས་ཁུལ་གྱི་བརྟན་ལྷིང་དང་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལའང་སྐུལ་མ་ཐེབས་ཡོད། ཕྱོགས་གསུམ་གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཀྲུང་རི་ཧན་གསུམ་གྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་དགུ་པའི་ནང་གཏན་འཁེལ་བྱས་པའི“འགག་རྩའི་ཁྱབ་ཁོངས་ཆེན་པོ་དྲུག”གི་མཉམ་ལས་ཕྱོགས་སུ་གོམ་སྟབས་གསར་པ་སྤོས་ཡོད། ཀྲུང་རི་ཧན་གསུམ་གྱི་མཉམ་ལས་ཇི་ཙམ་གྱིས་ཡག་པ་བྱུང་ཚེ། རྒྱལ་ཁབ་གསུམ་པོའི་ཉེན་ཁ་འགོག་པའི་ནུས་པ་དེ་ཙམ་གྱིས་ཆེ་རུ་འགྲོ་བ་དང་། འཕེལ་རྒྱས་ལ་ནུས་པ་སྦྱིན་པའི་རྨང་གཞི་དེ་ཙམ་གྱིས་བརྟན་དུ་འགྲོ་བ། མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ལ་སྐུལ་འདེད་གཏོང་བར་ཡང་དེ་ཙམ་གྱིས་ཕན་འབྲས་ཐོན་པ་བཅས་དོན་དངོས་ཐོག་ནས་ར་འཕྲོད་བྱུང་ཡོད།
ཝང་དབྱི་ཡིས་བརྗོད་དོན། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བའི་ལོ་ཡིན་ལ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་ཡང་རེད། ལྷག་བསམ་རྣམ་དག་གིས་ལོ་རྒྱུས་ལ་བསམ་ཞིབ་བྱས་ཚེ་གཞི་ནས་འབྱུང་འགྱུར་ཏན་ཏིག་གཏོད་ཐུབ།
ཝང་དབྱི་ཡིས་ནན་བཤད་བྱས་དོན། ཆར་རླུང་འཚུབ་པ་ནི་རྒྱུན་གཏན་གྱི་སྣང་ཚུལ་ཡིན་པ་དང་། དྲག་ཆར་རླུང་འཚུབ་ལ་གཏན་ནས་མི་སྐྲག་པ་ནི་སེམས་ཁམས་ཤིག་ཡིན། རྒྱལ་ཁབ་གསུམ་གྱི་མཉམ་ལས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ངེས་པར་དུ་ཕྱོགས་གཉིས་པོའི་འབྲེལ་བར་སྐུལ་འདེད་གཏོང་རེས་དང་འཁོར་སྐྱོད་བཟང་པོ་ཡོང་བར་བྱེད་དགོས། ལྷག་པར་དུ། ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་དང་། འགལ་བ་དང་མི་མཐུན་པའི་ཆར་དོ་དམ་དང་ཚོད་འཛིན་ཡག་པོ། བཟང་པོ་དང་བརྟན་ལྷིང་གི་ཕྱོགས་གཉིས་ཀྱི་འབྲེལ་བར་སྲུང་སྐྱོང་བཅས་བྱེད་པའི་རྨང་གཞིའི་ཐོག རྒྱུན་ཆད་མེད་པར་ཐུན་མོང་གི་ངོས་འཛིན་གསོག་འཇོག་དང་། སྒུལ་ཤུགས་སྐྱེད་སྲིང་། མཉམ་ལས་ཟབ་གཏོང་། ཆུ་ཚད་མཐོར་གཏོང་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རི་པིན་དང་ཧན་གོ་དང་མཉམ་དུ་དུས་བབ་གསར་པའི་འོག་ཀྲུང་རི་ཧན་གསུམ་གྱི་མཉམ་ལས་ཀྱི་སྤུས་འབྲས་རིམ་སྤོར་ལ་སྐུལ་འདེད་བཏང་ནས། དེ་བས་གནས་སྨིན་དང་། དེ་བས་བརྟན་ལྷིང་། དེ་བས་མཉེན་ཆ་ཆེ་བ་བཅས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་དེ།
གཅིག་ནས་དཔལ་འབྱོར་དང་ཚོང་དོན་མཉམ་ལས་ཟབ་ཏུ་བཏང་སྟེ། “གྲུ་རྡོ”ཆེ་རུ་གཏོང་དགོས། ཀྲུང་རི་ཧན་གསུམ་གྱི་རང་མོས་ཚོང་དོན་གྲོས་ཆོད་གྲོས་མོལ་སྔ་ཙམ་བསྐྱར་དུ་འགོ་འཛུགས་རྒྱུ་དང་འབྲེལ་སྔ་ཙམ་གྲོས་མཐུན་ཡོང་བར་བརྩོན་ལེན་བྱས་ཏེ། ཚོང་དོན་མ་འཇོག་བྱེད་རེས་རྒྱ་ཆེར་གཏོང་བ་དང་། ཀྲུང་རི་ཧན་གསུམ་གྱི་ཕྱིར་གཏོང་རྩིས་སྤྲོད་དོ་དམ་གྱི་གླེང་མོལ་བྱེད་རེས་ལམ་སྲོལ་འཛུགས་པ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་དང་ཤར་གཏོང་ཐུབ་པར་སྲུང་སྐྱོང་བཅས་བྱེད་དགོས།
གཉིས་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་སྒུལ་ནུས་གསར་པར་སྐུལ་སྤེལ་གཏོང་དགོས། སྒོ་དབྱེ་མཉམ་ལས་ཀྱི་རྩ་དོན་གཞིར་བཟུང་གསར་གཏོད་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མས་རྒྱལ་ཁབ་གསུམ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་སྔར་ལས་ལེགས་པར་སྦྱིན་དགོས། ཀྲུང་རི་ཧན་གསུམ་གྱི་གྲངས་འཛིན་དཔལ་འབྱོར་མཉམ་ལས་ཀྱི་གླེང་མོལ་བྱེད་རེས་ལམ་སྲོལ་འཛུགས་དགོས། ཀྲུང་གོ་ཕྱོགས་ཀྱིས་གྲ་སྒྲིག་བྱེད་བཞིན་པའི་ཀྲུང་རི་ཧན་གསུམ་གྱི་གསར་གཏོད་མཉམ་ལས་ལྟེ་གནས་སུ་རི་པིན་དང་ཧན་གོ་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
གསུམ་ནས་སྤྱི་ཚོགས་ཀྱི་མི་ཆོས་རིག་གནས་ཀྱི་སྤེལ་རེས་རྒྱ་སྐྱེད་བཏང་ནས་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། 2030ལོར་སླེབས་སྐབས་མི་ཐེངས་ཁྲི་4000ཡི་འཚམས་འདྲི་བྱེད་རེས་ཀྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་པ་དང་། 2025ལོ་ནས་2026ལོ་བར་གྱི་ཀྲུང་རི་ཧན་གསུམ་གྱི་རིག་གནས་སྤེལ་རེས་ལོ་ལེགས་པར་གཉེར་བ། “ཨེ་ཤེ་ཡ་ཤར་མའི་རིག་གནས་གྲོང་ཁྱེར”དང“ཨེ་ཤེ་ཡའི་སློབ་གྲྭའི”སྤུས་རྟགས་མུ་མཐུད་དུ་གཏོད་པ། ཨེ་ཤེ་ཡ་ཤར་མའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་བཅས་བྱས་ཏེ་མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།
བཞི་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་བཅག་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། བདེ་ཐང་ན་རྒས་ཅན་དང་། སྨན་བཅོས་འཕྲོད་བསྟེན། ནུས་རྒྱུ་གསར་པ། ལྗང་མདོག་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་མཉམ་ལས་ཟབ་ཏུ་གཏོང་དགོས། གནོད་འཚེར་དོ་དམ་དང་། ཉེན་དོན། འཇིགས་རྒོལ་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། སྲོལ་རྒྱུན་མིན་པའི་བདེ་འཇགས་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས།
རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཀྲུང་རི་ཧན་གསུམ་གྱི་མཉམ་ལས་དང་དེ་བཞིན་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ་ཀྲུང་རི་ཧན་གསུམ་གྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་བཅུ་པར་གྲ་སྒྲིག་བྱས་ཡོད་པ་རེད།