ཀྲུང་གོ་དང་རི་པིན་གྱིས་དཔལ་འབྱོར་གྱི་མཐོ་རིམ་གླེང་མོལ་ཐེངས་དྲུག་པ་བྱས་པ།
ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་ཐོ་ཁེའོ་རུ་རི་པིན་གྱི་ཕྱི་འབྲེལ་པུའུ་ཀྲང་ཡན་ཝུའུ་དབྱི་དང་མཉམ་དུ་ཀྲུང་གོ་དང་རི་པིན་གྱི་དཔལ་འབྱོར་གྱི་མཐོ་རིམ་གླེང་མོལ་ཐེངས་དྲུག་པ་གཙོ་སྐྱོང་བྱས་ནས་འཚོགས་ཤིང་། ཕྱོགས་གཉིས་པོའི་སྲིད་གཞུང་གི་སྡེ་ཚན་15ཡི་འགན་འཁུར་བ་ཞུགས་ཡོད།
ཝང་དབྱི་ཡིས་བརྗོད་དོན། ན་ནིང་ལོ་མཇུག་ཏུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་རྣམ་གཉིས་ལི་མར་ཞལ་འཛོམས་གནང་ནས་ཀྲུང་རིའི་ཆབ་སྲིད་ཀྱི་ཡིག་ཆ་བཞིའི་ནང་གཏན་འཁེལ་བྱས་པའི་རྩ་དོན་གཞིར་བཟུང་ཀྲུང་རིའི་འཐབ་ཇུས་གཉིས་ཕན་གྱི་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་དགེ་མཚན་ལྡན་པའི་རང་བཞིན་དང་བརྟན་ལྷིང་གི་ཀྲུང་རིའི་འབྲེལ་བ་འཛུགས་པར་མགྲིན་གཅིག་ཏུ་མོས་མཐུན་གནང་ནས། ཕྱོགས་གཉིས་པོའི་འབད་འཐབ་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ལོ་དྲུག་སོང་རྗེས་ཀྱི་དེ་རིང་ཀྲུང་རིའི་དཔལ་འབྱོར་གྱི་མཐོ་རིམ་གླེང་མོལ་བྱེད་པའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། སྲོལ་རྒྱུན་མཉམ་ལས་ཀྱི་རྨང་གཞི་བརྟན་དུ་དང་། ཁྱབ་ཁོངས་གསར་པ་དང་རྣམ་པ་གསར་པའི་མཉམ་ལས་ཀྱི་ཐབས་ལམ་རྒྱ་སྐྱེད་གཏོང་བ། ཀྲུང་རིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འཆར་གཞི་གསར་པ་ཐུན་མོང་ཐོག་འགོད་པ་བཅས་བྱས་ཏེ། ཀྲུང་རིའི་འཐབ་ཇུས་གཉིས་ཕན་གྱི་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་དཔལ་འབྱོར་གྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱ་ཆེད་རེད།
ཝང་དབྱི་ཡིས་བརྗོད་དོན། ཀྲུང་རིའི་ཕྱི་འབྲེལ་རྒྱུན་ལྡན་ཅན་དུ་གྱུར་ཚུན་ཕྱོགས་གཉིས་པོའི་ཉོ་ཚོང་ལྡབ་300ལྷག་ཙམ་འཕར་བ་དང་། ལོ་15བསྟུད་མར་ཨ་སྒོར་དུང་ཕྱུར་3000ཡི་ཆུ་ཚད་མཐོན་པོ་རྒྱུན་འཁྱོངས་ཐུབ་ནས་རིམ་རྩིས་བརྒྱབ་ན་ཕྱོགས་གཉིས་པོས་མ་རྩ་ཨ་སྒོར་དུང་ཕྱུར་1400ཙམ་འཇོག་རེས་བྱས་ཡོད། ཕྱོགས་གཉིས་པོའི་ཐོན་ལས་མཉམ་ལས་གཏིང་ཟབ་དང་དཔལ་འབྱོར་ཁེ་ཕན་མཉམ་འདྲེས་གཏིང་ཟབ་བྱུང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད་ལ། ཀྲུང་རིའི་དབར་ཕན་ཚུན་རོགས་ཟླ་ཡིན་པ་ལས་ཁ་གཏད་མིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད། ཕན་ཚུན་དབར་གོ་སྐབས་གཏོད་པ་ལས་ཉེན་ཁ་བཟོས་པ་ཞིག་མིན་པ་དང་། ཕན་ཚུན་དབར་རྒྱབ་སྐྱོར་བྱེད་དགོས་པ་ལས་ཁ་ཐོར་དུ་གཏོང་མི་རུང་།
ཚོགས་ཞུགས་སྡེ་ཚན་ཁག་གིས་གཞི་ཆེའི་སྲིད་ཇུས་དང་། དཔལ་འབྱོར་ཚོང་དོན་དང་མ་འཇོག གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མི་ཆོས་རིག་གནས་སྤེལ་རེས། ས་ཁོངས་མཉམ་ལས་སོགས་ལ་དམིགས་ནས་འབྲེལ་གཏུག་དམ་ཟབ་བྱས་ཏེ། གོམ་སྟབས་རྗེས་མའི་མཉམ་ལས་འཆར་འགོད་བྱེད་པར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད།