དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྲིད་ཇུས་མང་པོ་མཉམ་དུ་བཏོན་པས་འཛད་སྤྱོད་གསོན་ཤུགས་སླར་ཡང་འཕེལ་བ།

    ས་མཐོར་འཛད་ཟོག་རྙིང་པ་གསར་བརྗེས་ཀྱི་ཚ་རླབས་འཕྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-25

    2024ལོར་རང་ལྗོངས་ཀྱི་ཚོང་དོན་སྡེ་ཚན་གྱིས་འཛད་ཟོག་རྙིང་པ་གསར་བརྗེས་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། “ནུས་རྒྱུ་གསར་པའི་རླངས་འཁོར”བརྗེ་བ་དང་། “རིག་ནུས་ཁྱིམ་སྤྱོད་གློག་ཆས”བརྗེ་བ། ཐབ་ཚང་དང་གསང་སྤྱོད“གསར་བསྒྱུར”བྱེད་པ། དེ་བཞིན་གློག་སྒུལ་སྦག་སྦག་རྙིང་པ་གསར་བརྗེས་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད། སྲིད་ཇུས་ཀྱི་རོགས་སྐྱོར་དང་རྙིང་པ་གསར་བརྗེས་ཀྱི་བྱེད་སྒོའི་སྐུལ་འདེད་ནུས་ལྡན་འོག འཛད་ཟོག་སྣ་ཚོགས་ཕྱིར་ཚོང་བྱེད་མང་ཤོས་ཀྱི་རེས་སྐོར་རེ་རེ་བཞིན་འཆར་ནས་ས་མཐོའི་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་སྟབས་བདེ་དང་ཕན་པ་ཐོབ་ཡོད།

    2024ལོའི་ཟླ་12པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱིས་འཛད་ཟོག་རྙིང་པ་གསར་པ་བརྗེས་ཀྱི་མ་དངུལ་སྒོར་དུང་ཕྱུར་2.56བཏང་བས། རྙིང་པ་གསར་པར་བརྗེ་ཐེངས་ཁྲི་21.7ཟིན་པ་དང་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་20.85ཟིན་གྱི་ཡོད་པ་རེད། དེའི་ནང་རླངས་འཁོར་197བེད་མེད་དུ་བཏང་ནས་གསར་པ་བརྗེས་པ་དང་། རླངས་འཁོར་747ཚབ་སྤྲོད་གསར་བརྗེས་བྱས་པ། ཁྱིམ་སྤྱོད་གློག་ཆས་ཁྲི་13.12གསར་བརྗེས་བྱས་པ། ཐབ་ཚང་དང་གསང་སྤྱོད་ཁྲི་7.46གསར་བསྒྱུར་བྱས་ཡོད།

    ཇུས་འདོན་གནད་སྨིན་གྱིས་འཛད་སྤྱོད་ལ་གསོན་ཤུགས་འཕེལ་བར་བྱས་པ།

    “སྔོན་ཆད་ངས་བཏང་བ་ནི་ཉིས་བརྒྱུད་རླངས་འཁོར་རྙིང་པ་ཞིག་ཡིན་པ་དེ་རྒྱ་ཆུང་ལ་སྒུལ་ཤུགས་ཞན་པས། རྟག་ཏུ་རླངས་འཁོར་ཉམས་བཟོ་ཁང་དུ་འགྲོ་དགོས་ཀྱི་ཡོད”ཅེས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་མང་ཚོགས་བཀྲ་ཤིས་རྡོ་རྗེས་བརྗོད་པ་དང་། ཁོང་གིས“2024ལོར་རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོར་ཞུགས་ནས་རྒྱ་ཆེ་ལ་སྒུལ་ཤུགས་ཡག་པའི་SUVརླངས་འཁོར་ཞིག་དང་བརྗེས་པ་ཡིན། ཁ་གསབ་སྒོར་ཁྲི་1ལོངས་སུ་སྤྱོད་རྒྱུ་བྱུང་བ་ཕུད། ད་དུང་རླངས་འཁོར་རྙིང་པ་དེར་སྒོར་ཁྲི་3རག་བྱུང་། ད་ལྟ་ནང་མི་བླུགས་ནས་ཕྱིར་བསྐྱོད་ཚེ་བདེ་འཇགས་ལྡན་ལ་སྐྱིད་སྣང་དེ་བས་ལྡན་པ་ཞིག་འདུག”ཅེས་བརྗོད།

    རང་ལྗོངས་ཀྱིས་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་སྲིད་ཇུས་མུ་མཐུད་དུ་དོན་འཁྱོལ་བྱས་ཏེ། སྲིད་གཞུང་གི་ཁ་གསབ་དང་ཚོང་པའི་བྲིན་ཚོང་བྱེད་སྒོ་ཕན་ཚུན་ཟུང་འབྲེལ་བྱས་ནས་མང་ཚོགས་ལ་དངོས་ཕན་མང་པོ་བསྐྲུན་ཡོད། 2024ལོར་ཚོང་དོན་སྡེ་ཚན་གྱིས་འཕེལ་སྒྱུར་དང་ནོར་སྲིད་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལག་བསྟར་ཇུས་གཞི་སོགས་སྲིད་ཇུས་ཡིག་ཆ་ཁག་ལྔ་བཟོས་ནས་བཀྲམ་པ་དང་། འཕྲལ་མར་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཐབ་ཚང་དང་གསང་སྤྱོད། གློག་སྒུལ་སྦག་སྦག་སོགས་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་ཚད་གཞི་དང་། ཁྱབ་ཁོངས། བརྒྱུད་རིམ་སོགས་ལ་གཏན་འབེབས་ཁ་གསལ་བྱས་པ་དང་བླང་བྱ་ཞིབ་ཕྲ་བཏོན་ནས། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་2ཆེད་མངགས་བཀོད་སྒྲིག་བྱས་ནས་འཛད་ཟོག་རྙིང་པ་གསར་པར་བརྗེ་བར་རྒྱབ་སྐྱོར་བྱས་པ་དང་། རླངས་འཁོར་དང་དེ་བཞིན་ལག་ཐོགས་ཁ་པར་སོགས་3Cགྲངས་འཛིན་ཐོན་རྫས་ཁེར་རྐྱང་ཉོ་མཁན་ལ་རིམ་པ་དབྱེ་ནས་ཁ་གསབ་སྤྲད་པ་དང་ཆབས་ཅིག ཞིང་འབྲོག་པ་དང་ནུས་རྒྱུ་གསར་པའི་རླངས་འཁོར་ལ་ཁ་གསབ་སྤྲོད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ཁུལ་དང་ནུས་རྒྱུ་གསར་པའི་རླངས་འཁོར་འཛད་སྤྱོད་ཀྱི་གདིང་ཤུགས་གང་ལེགས་སྔོག་འདོན་བྱས་ཡོད། ལས་ཀའི་ཁྲོད་ཤེས་རྟོགས་བྱུང་བའི་འགག་ས་དང་ཐོགས་སའི་གནད་དོན་ལ་དམིགས་ནས། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ཁ་གསབ་ཀྱི་ཁྱབ་ཁོངས་དང་ཚད་གཞི་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ། ཁྱིམ་སྤྱོད་འཁལ་འཐག་ཐོན་རྫས་དང་གསོ་རླུང་རྔུབ་ཆས་ཁ་གསབ་ཁྱབ་ཁོངས་སུ་བཅུག་པ་དང་། རླངས་འཁོར་ཚབ་བྱེད་གསར་སྒྱུར་དང་གློག་སྒུལ་སྦག་སྦག་གི་ཁ་གསབ་ཚད་གཞི་མཐོ་རུ་བཏང་སྟེ། འཛད་སྤྱོད་པའི་རྙིང་པ་གསར་པར་བརྗེ་བའི་དགོས་མཁོ་མང་པོ་དེ་བས་ལེགས་པའི་སྒོ་ནས་བསྐངས་ཡོད།

    མཐུན་སྦྱོར་མཉམ་འགུལ་གྱིས་ལས་ཀའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ།

    འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བའི་འགན་ལེན་བྱ་ཆེད། རང་ལྗོངས་ཀྱི་ཚོང་དོན་སྡེ་ཚན་གྱིས་མཐོ་ས་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་འདོམས་བཀོད་གཏོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། “ཉིན་རེར་ལྟ་སྐུལ”དང“གཟའ་འཁོར་རེར་བཀོད་གཏོང”“ཟླ་རེར་ཞིབ་འཇུག་བརྡར་གཅོད”བཅས་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་ཀྱིས་སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་བསྡོམས་འབོར་བརྟན་པོ་འཕར་བར་སྐུལ་འདེད་གཏོང་བའི་མཉམ་འབྲེལ་གྲོས་ཚོགས་ཐེངས་བརྒྱད་འཚོགས་ནས། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཚོགས་འདུའི་གཙོ་གནད་བཀོད་གཏོང་ནང་དོན་དུ་བརྩིས་ནས་སྤྱི་འདོམས་མཐུན་སྦྱོར་དང་མཉམ་དུ་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ཆེད་དོན་ཚོགས་འདུ་དང་། བརྟག་ཞིབ་བཞུགས་མོལ་ཚོགས་འདུ། ས་གནས་ས་ཐོག་ཏུ་ལྟ་སྐུལ། ལས་ཀར་དྲན་སྐུལ་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་ལས་ཀའི་འཕེལ་རིམ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་། ལྷགས་པའི་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱས་ནས་སྲིད་ཇུས་དོན་འཁྱོལ་ཡོང་བའི་འགན་ལེན་བྱས་ཡོད།

    ལྷ་ས་གྲོང་ཁྱེར་གྱི་ཚོང་ར་ཞིག་གི་ཁྱིམ་སྤྱོད་གློག་ཆས་ཆེད་ཚོང་ཁང་དུ་གྲོང་མི་ཚེ་རིང་སྒྲོལ་དཀར་གྱིས་ཚོང་རྟགས་མི་འདྲ་བའི་འཁྱགས་སྒམ་གྱི་གཟིགས་སྐྱོང་མང་ཉུང་རྩིས་ཞིབ་ཕྲ་རྒྱག་བཞིན་འདུག ཁོང་གིས“ཁྱིམ་གྱི་འཁྱགས་སྒམ་ཉོས་ནས་ལོ་བཅུ་ཙམ་ཕྱིན་སོང་། གློག་ཟད་གྲོན་ཆེ་ལ་གྲང་བཟོའི་ནུས་པའང་ཡག་པོ་མི་འདུག་པས། སྔོན་ནས་གསར་པ་ཞིག་བརྗེ་འདོད་ཡོད”ཅེས་བརྗོད། ཚེ་རིང་སྒྲོལ་དཀར་གྱིས་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་འཁྱགས་སྒམ་གསར་པ་ཞིག་བདམས། “རྙིང་སྒྱུར་ཚབ་དངུལ་དང་ཁ་གསབ་རྩིས་ན་སྒོར་500རག་པ་དང་། མཐར་རང་ཉིད་ཀྱིས་སྒོར་2500ལས་གཏོང་དགོས་མ་བྱུང་བས། དངོས་འབྲེལ་གྱོང་མི་འདུག”ཅེས་བརྗོད།

    དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་རྣམ་པ་ཟབ་མོ་བཏོད་པ།

    2024ལོའི་ཟླ་11ཚེས་19ཉིན། གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་གཉའ་ནང་གྲོང་རྡལ་ཚོང་འདུས་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ“ཨུ་ལྷན་གཉིས”དང་མཉམ་འབྲེལ་བྱས་ནས་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་སྲིད་ཇུས་ཀྱི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།

    བྱེད་སྒོའི་ཐོག་གློག་རྡུལ་འཆར་ཤེལ་དང་། འཕྲེད་འགེལ་སྦྱར་ཡིག དྲིལ་བསྒྲགས་འགྲེམས་པང་སོགས་མཚམས་སྦྱོར་བརྒྱུད། ཁ་གསབ་སྲིད་ཇུས་ཀྱི་ནང་དོན་བསྟན་ནས་འགྲེམས་སྟོན་བྱས་པ་དང་། འབྲེལ་ཡོད་སྲིད་ཇུས་ཀྱི་དྲིལ་བསྒྲགས་དཔྱད་གཞི་འགྲེམས་སྤེལ་བྱས་པ། ཕྱོགས་ཡོངས་དང་ཟུར་ཚད་མང་པོ་ནས་མང་ཚོགས་ལ་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་སྲིད་ཇུས་ཀྱི་ནང་དོན་དང་། ཁྱབ་ཁོངས། བརྒྱུད་རིམ། དེ་བཞིན་ཁ་གསབ་ཚད་གཞི་དང་བྱེད་སྒོ་སྤེལ་མཁན་ཚོང་པ་སོགས་ངོ་སྤྲོད་བྱས་པ། གྲོང་མིའི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ཏེ་གློག་ཆས་རྙིང་པ་དང་ཁྱིམ་ཆས་རྙིང་པ་སོགས་བེད་མེད་དངོས་རྫས་གསར་པར་བརྗེས་ན་གཟིགས་སྐྱོང་གང་ཡོད་པ་དཔེར་དྲངས་ནས་གསལ་བཤད་བྱས་པ་རེད། དམངས་ཕན་སྲིད་ཇུས་དེ་དག་ཤེས་རྟོགས་བྱུང་རྗེས་ས་གནས་དེ་གའི་གྲོང་མིས་ཁྱིམ་ཆས་རྙིང་པ་དང་གློག་ཆས་རྙིང་པ་བསྡུ་རུབ་བྱས་ཏེ་དེ་བས་རིག་ནུས་ལྡན་པའི་ཁྱིམ་ཆས་དང་གློག་ཆས་གསར་པར་བརྗེས་ནས་ཁྱིམ་གྱི་རྣམ་པ་གསར་རྐྱང་དུ་བཏང་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། 2025ལོར་རང་ལྗོངས་ཀྱིས་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ཏེ། དེ་བས་སྣ་མང་དང་དེ་བས་ཁྱད་ཆོས་ལྡན་པའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོ་མུ་མཐུད་སྤེལ་བ་དང་བདེ་འཇགས་དང་བློ་བདེ་བའི་འཛད་སྤྱོད་ཁོར་ཡུག་ཤུགས་ཆེན་བསྐྲུན་ནས། འཛད་སྤྱོད་འཕར་སྣོན་དང་དཔལ་འབྱོར་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གསོན་ཤུགས་གསར་པ་སྣོན་གྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།