བོད་ཀྱིས་རྒན་རྒོན་དང་འབྲེལ་བ་ཡོད་པའི་ཁ་གསབ་ཚད་གཞི་ཁག་གཉིས་སླར་ཡང་མཐོ་རུ་བཏང་བ།
ཉེ་དུས། རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་ནོར་སྲིད་ཐིང་གིས་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་པ་སྟེ་2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ལོ་ན་མཐོ་བའི་ནུས་ཤོར་སོགས་རྒན་རྒོན་གྱི་ཁ་གསབ་ཚད་གཞི་དང་ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ་ཚད་གཞི་སླར་ཡང་མཐོ་རུ་བཏང་བ་དང་། དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ལོ་ན་མཐོ་བའི་ནུས་ཤོར་སོགས་རྒན་རྒོན་ལ་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་1200དང་། ལོ་80ནས་89བར་དང་། ལོ་90ནས་99བར། ལོ་100ཡན་བཅས་ཀྱི་ལོ་ན་མཐོ་བའི་རྒན་རྒོན་ལ་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་1300དང་། 1500དང་། 1800བཅས་སོ་སོར་ཟིན་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་2025ལོའི་དམངས་འཚོའི་དོན་དངོས་ཁག་28ཀྱི་གཙོ་གནད་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ལོ་ན་མཐོ་བའི་ནུས་ཤོར་སོགས་རྒན་རྒོན་གྱི་ཁ་གསབ་ཀྱི་ཚད་གཞི་མི་རེར་ལོ་རེར་སྒོར་720ཡི་རྨང་གཞིའི་ཐོག་སླར་ཡང་སྒོར་480མཐོ་རུ་བཏང་ནས་མི་རེར་ལོ་རེར་སྒོར་1200ཟིན་པ་དང་། ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ་ཚད་གཞི་སླར་ཡང་སྒོར་100མཐོ་རུ་བཏང་ནས་མི་རེར་ལོ་རེར་སྒོར་1300དང་། སྒོར་1500 སྒོར་1800བཅས་ཟིན་ཡོད། ཚད་གཞི་མཐོ་རུ་བཏང་བའི་བརྡ་ཐོའི་ནང་ད་དུང་གོང་གསལ་གྱི་རྒན་རྒོན་དང་འབྲེལ་བ་ཡོད་པའི་ཁ་གསབ་ཚད་གཞི་གཉིས་མཐའ་མཚམས་ས་ཁུལ་དུ་10%སྤོར་རྒྱུ་ཁ་གསལ་བཏོན་ཡོད། རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་ནོར་སྲིད་ཐིང་གིས་ཁྱོན་ཁ་གསབ་མ་དངུལ་སྒོར་ཁྲི་7000བཀོད་སྒྲིག་བྱས་པ་དེས་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ལོ་ན་མཐོ་བའི་ནུས་ཤོར་སོགས་རྒན་རྒོན་10293དང་ལོ་80ཡན་གྱི་རྒན་རྒོན་35000ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།