མཚོ་སྔོན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འབྲི་སྟོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་ཀྱི་དང་བླངས་པས།
གད་སྙིགས་གཙང་སེལ་བྱས་ནས་འབྲི་ཆུའི་ཆུ་འགོ་སྲུང་བར་གཞོལ་བ།
དཔྱིད་གྲང་བསྟན་པའི་སྐབས། མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་མཁར་གྱི་ལྷོ་ཕྱོགས་སུ་བཞུར་བའི་འབྲི་ཆུར་སྔར་བཞིན་དར་ཆགས་ཡོད། དེ་གའི་ས་བབ་མཐོ་ཚད་ལ་སྨི་4500ལྷག་ཙམ་ཟིན་པ་དང་། ནམ་མཁའ་གཡའ་དག་ཅིང་གྲང་རླུང་འུར་འུར་དུ་ལྡང་བཞིན་མཆིས། ཉིན་གུང་ཡོལ་ཙམ་ལ། རྒྱལ་མཚན་ཕུན་ཚོགས་དང་བཅས་པའི་དང་བླངས་པ་བཅུ་གྲངས་ཀྱིས་རླངས་འཁོར་ལ་བསྡད་དེ་འབྲི་ཆུའི་ཆུ་འགོ་གནས་སའི་ཟོ་སྐྱ་ཤང་དུ་བསྐྱོད། འབྲི་ཆུའི་ཆུ་འགོའི་ཁུལ་དུ་འདམ་ར་མང་བས་རྒྱང་ནས་བལྟས་ཚེ་ཐར་ཐོར་དུ་གནས་པའི་སྐར་ཚོམ་ལྟར་སྣང་། ཁོང་ཚོས་ཚོགས་ཆུང་གསུམ་ལ་ཕྱེ་བ་དང་། མི་རེས་བཙིར་ཤིང་དང་གད་སྙིགས་བླུག་སྣོད་རེ་ཁྱེར་ནས་ཁག་སོ་སོར་བགོས་ཏེ་གད་སྙིགས་གཙང་སེལ་བྱེད་འགོ་ཚུགས།
ད་ལོ་ལོ་38ལ་སླེབས་པའི་རྒྱལ་མཚན་ཕུན་ཚོགས་ཀྱིས་མགོ་ལ་ཞྭ་མོ་ཞིག་གྱོན་ཞིང་ཕྲག་པར་མཐུན་ཚོགས་ཀྱི་མཚོན་རྟགས་འཁོད་པའི་དཔུང་རྟགས་སྔོན་པོ་ཞིག་དཀྲིས་པ་དང་། གཟུགས་རིང་པོ་མེད་པས་ཁོང་ཚོའི་ཁྲོད་མངོན་གསལ་དོད་པོ་དེ་ཙམ་མེད། མཚོ་སྔོན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འབྲི་སྟོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་ཀྱི་འགན་འཁུར་བ་ཞིག་ཡིན་པའི་ཁོང་གིས་ལོ་15བསྟུད་མར་གད་སྙིགས་གཙང་སེལ་གྱི་ལས་ལ་གཞོལ་ཡོད། ཤ་རྩི་ནག་པའི་རྒྱལ་མཚན་ཕུན་ཚོགས་ཀྱིས་འཛུམ་དམུལ་དམུལ་ངང་། “ལས་འགན་གཙོ་བོ་ནི‘གད་སྙིགས་སྒྲུག་རྒྱུ’དེ་ཡིན། ལོ་འདི་དག་རིང་། འབྲི་ཆུའི་ཆུ་འགོའི་རྒྱུད་དུ་གད་སྙིགས་ཇེ་ཉུང་དུ་ཕྱིན་པ་དང་བསྟུན་ནས་ང་ཚོའི་ལས་འབོར་ཡང་ཇེ་ཉུང་དུ་སོང་ཡོད”ཅེས་བརྗོད།
2010ལོར། རྒྱལ་མཚན་ཕུན་ཚོགས་དང་ཁོང་གི་རོགས་པ་ཚོ་རྫོང་གྲོང་འཁྲིས་ཀྱི་རིར་འཛེག་སྐབས། “འགྱིག་སྣོད་དང་ཤེལ་དམ་ཆག་རོ་མང་པོ་ཡོད་པའི་རྐྱེན་གྱིས་གུར་ཕུབ་སའང་མེད་པ”ཤེས་རྟོགས་བྱུང་བ་དང་། དེ་དུས་འབྲི་སྟོད་རྫོང་དུ་གད་སྙིགས་གཅིག་སྡུད་གཙང་སེལ་དང་དབོར་འདྲེན་གྱི་ལམ་སྲོལ་བཟོས་མེད་སྟབས། གད་སྙིགས་གཅིག་སྡུད་སྤུངས་པའི་གནད་དོན་དེ་བས་མངོན་གསལ་དོད་དུ་ཕྱིན་པ་དང་། རྒྱལ་མཚན་ཕུན་ཚོགས་དང་རོགས་པ་འགས“འབྲི་ཆུའི་ཆུ་འགོའི་སྔར་ཡོད་རྣམ་པ་སླར་གསོ་བྱ་རྒྱུའི”སེམས་ཐག་བཅད་པ་རེད།
ཁོང་ཚོ་མི་འགས་དེ་འཕྲལ་བྱ་སྤྱོད་སྤེལ་ཞིང་། “ཐོག་མར་ལས་འགོ་འཛུགས་སྐབས་ལས་འབོར་ཆེ་ནའང་། མི་ལྔ་པོས་ཆུ་ཚོད་གཉིས་གསུམ་རིང་ལ་གད་སྙིགས་བླུག་སྣོད་བརྒྱ་ཙམ་གྱི་གད་སྙིགས་བསྒྲུགས་ཡོད” རྒྱལ་མཚན་ཕུན་ཚོགས་སོགས་ཀྱིས་ཉིན་ལྟར་ཕྱི་དྲོའི་ཆུ་ཚོད་དྲུག་པ་ཙམ་ལ་ལས་ཐག་བཅད་རྗེས་གད་སྙིགས་སྒྲུག་པར་འགྲོ་བ་དང་། “ཐོག་མའི་སྐབས་མི་ཉུང་ཉུང་ལས་མེད་པ་མ་ཟད། གད་སྙིགས་སྒྲུག་མང་ཤོས་ཀྱི་སྐབས་ཤིག་ཀྱང་ཡིན”པ་རེད།
རྒྱལ་མཚན་ཕུན་ཚོགས་སོགས་ཀྱི་སྣེ་ཁྲིད་འོག ལོ་གཅིག་ཁོ་ནར་རུ་ཁག་གི་མི་གྲངས་50ལྷག་ཙམ་བར་མང་དུ་ཕྱིན་པས། ཁོང་ཚོས་རུ་ཁག་ལ“འབྲི་སྟོད་རྫོང་ཁོར་ཡུག་སྲུང་སྐྱོང་དང་བླངས་རུ་ཁག”ཅེས་པའི་མིང་བཏགས་པ་དང་། དང་བླངས་རུ་ཁག་གི་བྱེད་སྒོའི་ཁྱབ་ཁྱོངས་ཀྱང་རིམ་བཞིན་རྒྱ་ཆེར་སོང་བ་སྟེ། རྫོང་གྲོང་གི་མཐའ་འཁོར་ནས་རིམ་བཞིན་ཅུང་ཐག་རིང་བའི་སྟོད་རྩེ་ཤང་དང་བྲག་དཀར་ཤང་བར་དང་། དེ་ནས་འབྲི་ཆུའི་ཆུ་འགོའི་ས་ཁོངས་བར་རྒྱ་བསྐྱེད་ཡོད། དང་བླངས་ཞབས་ཞུའི་ལས་ཀར་ཞུགས་ནས་ལོ་བཅུ་གྲངས་སོང་རིང་། རིམ་རྩིས་བརྒྱབ་ན། ཁོང་ཚོས་གད་སྙིགས་ཏུན་6.5བསྒྲུགས་པ་དང་། སློབ་གྲྭ་དང་སྡེ་ཁུལ་དུ་བསྐྱོད་དེ་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་ཐེངས་700ལྷག་ཙམ་བྱས་ཡོད།
2021ལོར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བཙུགས་རྗེས། འབྲི་སྟོད་རྫོང་ཁོར་ཡུག་སྲུང་སྐྱོང་དང་བླངས་རུ་ཁག་དེ“འབྲི་སྟོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས”སུ་རིམ་པ་སྤར་བ་དང་། རྒྱལ་མཚན་ཕུན་ཚོགས་ཀྱིས་མཐུན་ཚོགས་ཀྱི་འགན་ཁུར་བ་རེད། མཐུན་ཚོགས་བཙུགས་ཚུན། དང་བླངས་པའི་མི་གྲངས་164བར་མང་དུ་ཕྱིན་པ་དང་རྒྱལ་མཚན་ཕུན་ཚོགས་ཀྱི་ཁུར་པོ་ཡང་ཇེ་ལྕིར་སོང་ཞིང་། ཁོང་གིས། “ང་ཚོར་ཞབས་ཞུའི་སྒྲིག་ཡིག་དང་འགན་ནུས་ཀྱི་དབྱེ་བ་དེ་བས་ཁ་གསལ་ཡོད་ཅིང་། སྐྱེ་ཁམས་ལྟ་སྲུང་བ་ཕན་ཚུན་དབར་གཞོགས་འདེགས་ཡག་པོ་བྱས་ཏེ་གནས་ཁག་གཅིག་གི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་འགན་འཁུར་བཞིན་ཡོད། ད་དུང་རྒྱལ་ཁབ་སྤྱི་གླིང་གིས་མཐུན་ཚོགས་ལ་ཆེད་མངགས་གད་སྙིགས་དབོར་མཁན་རླངས་འཁོར་གཅིག་སྤྲད་ཡོད”ཅེས་བརྗོད།
རྒྱལ་མཚན་ཕུན་ཚོགས་ནི་ལས་རོགས་ཉེན་རྟོག་པ་ཞིག་ཡིན་ཞིང་། གླ་ཆ་དེ་ཙམ་མཐོ་པོ་མེད་ཁར་ཕྲུ་གུ་གཉིས་གསོ་དགོས་པ་མ་ཟད། མི་རིང་བའི་གོང་ཁོང་གི་ཕ་སྨན་ཁང་དུ་སྡོད་དགོས་བྱུང་ཡོད། ཁོང་གིས། “རུ་མི་མང་པོ་ཞིག་ང་དང་འདྲ་བར་འཚོ་བའི་འཁོས་ཀ་དེ་ཙམ་ཡག་པོ་མེད་ནའང་། དང་བླངས་པའི་རུ་ཁག་ལ་དགོས་མཁོ་ཡོད་པ་ཤེས་ཚེ་འཕྲལ་དུ་བརྡ་ལན་ཞུས་ཏེ་དངུལ་ཡོད་མཁན་གྱིས་དངུལ་འདོན་པ་དང་། ནུས་ཤུགས་ཡོད་མཁན་གྱིས་ནུས་ཤུགས་འདོན་གྱི་ཡོད”ཅེས་བརྗོད།
ཉིན་གཅིག་གི་ལས་བྲེལ་མཇུག་འགྲིལ་རྗེས། རླངས་འཁོར་མི་ཉུང་བ་ཞིག་གི་རྒྱབ་ལོག་ཏུ་གད་སྙིགས་བླུག་སྣོད་མང་པོ་བླུགས་ཡོད། ཕྱིར་ལོག་པའི་ལམ་དུ། རྒྱལ་མཚན་ཕུན་ཚོགས་ཀྱིས་མཐུན་ཚོགས་འཕེལ་རྒྱས་ཇི་ལྟར་གཏོང་མིན་ཐད་འཆར་གཞི་བཀོད་ཅིང་། ཁོང་གིས། “གད་སྙིགས་སྒྲུག་པ་ཕུད། ང་ཚོས་ད་དུང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གད་སྙིགས་རིགས་དབྱེ་བྱེད་སྟངས་དྲིལ་བསྒྲགས་བྱེད་ཀྱི་ཡོད། དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས་ལོ་15སོང་ཞིང་། ངས་ད་དུང་ལོ་15ལས་ཀ་མུ་མཐུད་བྱས་ནས། ང་ཚོའི་ལས་ཀར་ཕན་འབྲས་དེ་བས་ཆེ་བ་ཐོན་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།