ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་མང་པོའི་མི་སྣས་བརྗོད་དོན།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མིག་དཔེ་གལ་ཆེན་མཁོ་འདོན་བྱས་ཡོད།
ཨེ་ཤེ་ཡ་དབུས་མའི་ལས་རིགས་ཁག་གི་མི་སྣས་འཚོག་བཞིན་པའི་ཀྲུང་གོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཉིན་ཤས་བསྟུད་མར། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་མང་པོའི་མི་སྣས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་རང་ངོས་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་ཧུར་ཐག་བྱས་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་ལྡན་པའི་ཉམས་མྱོང་གིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་གི་དེང་རབས་ཅན་འཚོལ་ཞིབ་ལ་བློ་སྐྱེད་དང་མིག་དཔེ་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བརྗོད།
ཁེར་གྷི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཅེ་ཁེ་ཧྲེང་ཁུའུ་ལུའོ་ཧྥུའུ་ཡིས་དུས་ཡུན་རིང་པོ་ཀྲུང་གོའི་འཕེལ་རྒྱས་ལ་དོ་ཁུར་བྱས་ཡོད། ཁོང་གིས། ཀྲུང་གོས་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་རིང་རང་ངོས་ཀྱི་ཐོན་ཁུངས་བེད་ཡག་པོ་སྤྱད་དེ་རྒྱུན་མཐུད་ཆོག་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བྱས་པ་མ་ཟད། རང་ངོས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལོ་རྒྱུས་རིག་གནས་དང་འཕེལ་རྒྱས་ཀྱི་དོན་དངོས་དེ་གོ་ལ་ཧྲིལ་པོའི་འཕེལ་ཕྱོགས་ཆེན་པོ་དང་འཚམ་མཐུན་ཡོང་བར་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཧ་སག་སི་ཐན་གྱི་འཛམ་གླིང་དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་རེན་ཞེ་དབྱི་ཐུའོ་ཧྥུའུ་ཡིས། ཀྲུང་གོས་རྒྱལ་ཁབ་གཞན་དག་ལ་ལད་མོ་བྱས་མེད་པ་མ་ཟད། དེ་ལས་ལྡོག་སྟེ་རང་ངོས་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས་འགྱུར་ལྡོག་གསར་པར་གཞིགས་ནས་དུས་ཐོག་དང་ཕན་འབྲས་ཐོན་པའི་ངང་སྲིད་ཇུས་ལེགས་སྒྲིག་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་འཕེལ་རྒྱས་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་པ་དང་། ལྷག་པར་དུ་ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཉམས་མྱོང་བཟང་པོ་མཁོ་འདོན་བྱས་ཡོད་ཅེས་བརྗོད།
ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་མང་པོའི་མི་སྣས། གོ་ལ་ཅན་གྱི་བསམ་བློའི་རླབས་རྒྱུན་དང་ལྡོག་པ་དང་ཕྱོགས་རྐྱང་རིང་ལུགས་ཀྱི་མགོ་བོ་འབུད་པའི་དེང་གི་དུས་འདིར། ཀྲུང་གོས་དཔལ་འབྱོར་གོ་ལ་ཅན་དང་རྒྱལ་སྤྱིའི་མཉམ་ལས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་ཚབ་བྱེད་པའི་ཀྲུང་གོའི་ཇུས་གཞིས་མཉམ་ལས་གཉིས་ཁེ་དར་སྤེལ་བཏང་བར་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད་ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མུ་མཐུད་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་བཏང་བས་མིས་བཟོས་རིག་ནུས་དང་། ལྗང་མདོག་ཐོན་ལས། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མ་ཟད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་བརྒྱུད། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་ལ་ཐོན་རྫས་དང་། ལག་རྩལ། ཉམས་མྱོང་བཅས་མཉམ་སྤྱོད་ཐུབ་ཡོད།
“ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོལ་ནས་སྔོན་ཐོན་ལག་རྩལ་སྤྱོད་རྒྱུར་སྐུལ་འདེད་བཏང་ཡོད”ཅེས་ཨུ་ཟ་བྷེ་ཁི་སི་ཐན་གྱི《མི་དམངས་ཀྱི་གཏམ་བརྗོད་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཁེན་ཀྲ་གཡོད་ཧྥུའུ་ཡིས་ཀྲུང་གོར་འཚམས་འདྲི་བྱེད་སྐབས། ཀྲུང་གོའི་ཁེ་ལས་གྲགས་ཅན་མང་པོའི་སྤྱི་ཁྱབ་པུའུ་དང་ཐོན་སྐྱེད་རྟེན་གཞིའི་བསྐྱར་སྐྱེས་ནུས་རྒྱུའི་རྣམ་གྲངས་ཆེ་གྲས་ལ་ལྟ་སྐོར་བྱས་ཡོད། ཁོང་གིས་ད་ཆ་ཨུ་ཟ་བྷེ་ཁི་སི་ཐན་གྱི་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་ཀྲུང་གོའི་ལག་རྩལ་སྤྱད་པའི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་མང་པོ་མཐོང་རྒྱུ་ཡོད་ལ། ཨུ་ཟ་བྷེ་ཁི་སི་ཐན་གྱི་གྲོང་གསེབ་ས་ཁུལ་དུའང་ཀྲུང་གོའི་ལག་རྩལ་གྱིས་བཟོས་པའི་རླུང་ནུས་དང་ཉི་ནུས་གློག་ཁང་གིས་ས་གནས་དེ་གར་གློག་གཏོང་བཞིན་ཡོད། “འདི་དག་ཚང་མ་ནི་རྒྱལ་ཁབ་གཉིས་པོ་མཉམ་ལས་བྱས་པ་ལས་བྱུང་བའི་གྲུབ་འབྲས་དངོས་རེད”ཅེས་བརྗོད།