དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་ཡོམ་རྒྱག་སྐབས་ཉེན་གཡོལ་ཇི་ལྟར་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-24

    གློ་བུར་དུ་ས་ཡོམ་རྒྱག་སྐབས་ངེས་པར་དུ་སེམས་རྣལ་དུ་ཕབ་ན་གཞི་ནས་སྲོག་ཉེན་ལས་ཐར་སྲིད། ཉེན་གཡོལ་ཇི་ལྟར་བྱེད་དགོས་སམ་ཞེ་ན།

    ས་ཡོམ་རྒྱག་སྐབས“ཛ་དྲག་གི་སྐར་ཆ་བཅུ་གཉིས”ནང་སྲོག་ཉེན་ལས་ཐར་ཐབས་བྱེད་དགོས་པ་ལས་དངངས་སྐྲག་བྱེད་མི་རུང་ལ། སྔོན་ལ་ས་ཆ་བརྟན་ས་ཞིག་ཏུ་གབ་པ་དང་། དེ་རྗེས་ཕྱིར་བྲོས་ཐབས་བྱེད་པ། རྐང་ལག་རྐྱོང་ས་འཚོལ་བ། མགོ་བོར་སྲུང་སྐྱོབ་བྱེད་པ། གློག་སྐས་ལ་མི་སྡོད་པ་བཅས་བྱེད་དགོས། གལ་ཏེ་ཞིག་རོའི་འོག་ཏུ་ལུས་ཚེ་ལུས་ཟུངས་མི་ཤོར་བ་བྱས་ནས་མྱུར་སྐྱོབ་ཀྱི་བརྡ་བཏང་ནས་རོགས་སྐྱོབ་སྒུག་དགོས། ས་ཡོམ་རྒྱག་སྐབས་སྔོན་ལ་བར་ཐག་ཉེ་སར་གབ་པ་དང་ཡོམ་ཚོར་འཇགས་རྗེས་མྱུར་དུ་ཕྱིར་བྲོས་དགོས། ས་ཆ་མི་འདྲ་བར་ད་དུང་ཉེན་གཡོལ་བྱེད་ཐབས་མི་འདྲ་བ་ཡོད་པ་སྟེ།

    ཁང་པའི་ནང་དུ་ཡོད་ན། སེམས་རྣལ་དུ་ཕབ་ནས་སོ་སོ་གནས་ཡུལ་དང་ཡོམ་ཚོར་ཆེ་ཆུང་ལ་བལྟས་ནས་བར་ཐག་ཉེ་བའི་ཐབ་ཚང་དང་གསང་སྤྱོད་སོགས་ཁང་མིག་ཆུང་སར་གབ་དགོས། ཆུ་ཡོད་སའི་འགྲམ་དུ་སྡོད་པ་ལས་མེ་འབར་སླ་བའི་འཁྲིས་སུ་སྡོད་རྒྱུ་མེད། ངང་གིས་སྒུགས་ནས་མགོ་དང་མཇིང་པར་སྲུང་སྐྱོབ་བྱེད་དགོས། དེ་དང་དུས་མཚུངས། ཡོམ་ཚོར་འཇགས་རྗེས་ཕྱི་རོལ་གྱི་བདེ་འཇགས་ཡོད་སར་དོན་དགོས་པ་དང་། གློག་སྐས་ལ་སྡོད་པ་དང་། ཐོག་ཁ་ནས་མཆོང་བ། སྒེའུ་ཁུང་བཅག་ནས་དོན་པ་སོགས་མི་བྱེད་པར་རྡོ་བཀྱག་བབས་དགོས། ཕྱིར་དོན་སྐབས་མགོ་བོ་བཀབ་ནས་བྲོས་དགོས།

    སློབ་ཚན་འཚོག་པའི་སྒང་ཡིན་ན། སློབ་མས་དགེ་རྒན་གྱི་བཀོད་འདོམས་བཞིན་མགོ་བོ་བཀབ་པ་དང་མིག་བཙུམས་ནས་རང་རང་སོ་སོའི་སྒྲོག་ཙེའི་འོག་ཏུ་འཛུལ་བ་ལས། གང་སར་བྲོས་པའམ་ཡང་ན་སྒེའུ་ཁུང་ནས་མཆོངས་པ་སོགས་བྱེད་རྒྱུ་མེད། ཡོམ་ཚོར་འཇགས་རྗེས་གོ་རིམ་ལྡན་པའི་ངང་ཕྱིར་དོན་ཏེ་ཐག་ཉེ་སའི་ཐང་སྡེར་དུ་ཉེན་གཡོལ་བྱེད་དགོས།

    གློག་བརྙན་ཁང་དང་ལུས་རྩལ་ཁང་སོགས་སུ་ཡོད་ན། རང་སར་ཙོག་པུར་སྡོད་པའམ་ཡང་ན་རྐུབ་བཀྱག་འོག་ཏུ་གབ་ནས་ཀོ་ཁུག་སོགས་ཀྱིས་མགོ་བོར་སྲུང་སྐྱོབ་བྱས་ཏེ་ཤེལ་ཏོག་དང་རླུང་འཁོར་སོགས་མཐོ་སར་བཀལ་བའི་ཅ་དངོས་སོགས་ལ་གཡོལ་དགོས། ཡོམ་ཚོར་འཇགས་རྗེས་ལས་དོན་པའི་བཀོད་འདོམས་བཞིན་གོ་རིམ་ལྡན་པའི་ངང་ཕྱིར་དོན་དགོས།

    ཚོང་ར་དང་། དཔེ་ཁང་། འགྲེམས་ཁང་སོགས་སུ་ཡོད་ན། ཁུངས་ཐུག་པའི་སྒྲོམ་སྟེགས་དང་ཚོང་ཟོག(ཁྱིམ་ཆས་ཆུང་ངུ་སོགས)གམ་ཡང་ན་ཀ་བ་སོགས་ཀྱི་འཁྲིས་སུ་སྡོད་པའམ་ཡང་ན་རྩིག་ཟུར་དུ་ཙོག་པུར་བསྡད་དེ་མགོ་བོར་སྲུང་སྐྱོབ་ཡག་པོ་བྱེད་དགོས། ཤེལ་སྒོའི་སྒོ་སྒེའུ་ཁུང་དང་ཤེལ་སྒྲོམ་འཁྲིས་སུ་མི་སྡོད་པར་བར་ཁྱམས་སུ་ཙོག་པུར་བསྡད་དེ་ཡོམ་ཚོར་འཇགས་རྗེས་གོ་རིམ་ལྡན་པའི་ངང་ཕྱིར་དོན་དགོས།

    ཕྱིར་ཡོད་ན། གུ་ཡངས་པའི་ས་ཆར་ཕྱིན་ནས་ཐོག་བརྩེགས་ཁང་ཆེན་དང་། ཤེལ་སྒོའི་གྱང་། སྣོལ་ཟམ། སྤྲིན་ཟམ། དོ་ཁུང་མཐོ་པོ། བརྡ་ཆའི་བྱང་བུ་སོགས་རྡིབ་སྲིད་པའི་སྐྲུན་དངོས་སམ་ཡང་ན་ལོག་སྲིད་པའི་དངོས་པོ་ཆེ་གྲས་ལ་གཡོལ་དགོས། དེ་དང་ཆབས་ཅིག ཉེན་ཁ་ཆེ་ས་དང་། ཆུ་རགས་དང་། གཡང་གཟར་གྱི་རི་བོ། འབར་གས་སླ་བའི་དངོས་པོ་དང་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་པོ་ཡོད་པའི་བཟོ་གྲྭའམ་སྒྲིག་བཀོད་སོགས་ཀྱི་འཁྲིས་སུ་འགྲོ་རྒྱུ་མེད།

    དོ་སྣང་བྱེད་དགོས་པ་ཞིག་ལ། ས་ཡོམ་རྒྱག་སྐབས་ལམ་སེང་ཁང་པའི་ཕྱི་རུ་བྲོས་རྒྱུ་མེད་ལ་ཆ་སྒམ་སོགས་ནང་མི་འཛུལ་བར་ལག་པས་མགོ་བོ་བཀབ་སྟེ་ལུས་པོ་བསྐུམས་ནས་བདེ་འཇགས་ཡོང་བ་བྱེད་དགོས།

    ས་ཡོམ་མ་བརྒྱབ་གོང་། གྲོང་མི་མི་ཉུང་བ་ཞིག་གི་ལག་ཐོགས་ཁ་པར་ལ་ས་ཡོམ་གྱི་སྔོན་བརྡ་འབྱོར་གྱི་ཡོད་པས་སྔོན་བརྡ་བཏང་མ་ཐག་གི་སྐར་ཆ་འགའ་ཤས་དེ་ནི་ཉེན་གཡོལ་བྱེད་པའི་དུས་ཚོད་ཡག་ཤོས་རེད། རྒྱ་ཆེའི་གྲོང་མི་ཚོས་སོ་སོའི་ལག་ཐོགས་ཁ་པར་གྱི“ས་ཡོམ་སྔོན་བརྡ”ཞེས་པའི་བྱེད་ནུས་ཁ་ཕྱེ་ཡོད་མེད་ལ་ལྟ་དགོས། ལག་ཐོགས་ཁ་པར་མི་འདྲ་བར་གཞིགས་ནས། APPཕབ་ལེན་བྱས་ཏེ“ས་ཡོམ་སྔོན་བརྡ”ཞེས་པ་བླུགས་དགོས་པ་དང་། ད་དུང་ཁ་པར་ཁག་གཅིག་ལ་མ་ལག་གི“སྒྲིག་བཀོད”ཅེས་པའི་ནང“བདེ་འཇགས”ཞེས་པ་བདམས་ཏེ་གསལ་བཤད་བཞིན“ས་ཡོམ་སྔོན་བརྡའི”བྱེད་ནུས་ཁ་ཕྱེ་དགོས།

    (བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ནས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།