དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་སྨན་རྫས་ལྟ་འདོམས་ནུས་པ་ཆེ་རུ་བཏང་བ།

    མང་ཚོགས་ཀྱི་སྨན་བེད་སྤྱོད་ཀྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-24

    ཉིན་ཤས་གོང་། གསར་འགོད་པར་ལྗོངས་ཡོངས་ཀྱི་སྨན་རྫས་བདེ་འཇགས་ཉེན་ཟོན་བརྡ་གཏོང་དང་ཁྲིམས་སྲོལ་སྲིད་ཇུས་དྲིལ་བསྒྲགས་ལག་བསྟར་གྱི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། སྨན་རྫས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་དང་ས་མཐོའི་སྨན་རྫས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་ཆེད། རང་ལྗོངས་ཀྱིས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་འདོམས་དང་། ཉེན་ཁ་འགོག་སེལ། འཕེལ་རྒྱས་ལ་བརྟེན་ནས་དམངས་འཚོར་ཕན་འདོགས་པར་སྐུལ་སྤེལ་སོགས་ཐད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་པ་མ་ཟད། སྔོན་འགོག་ནན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། འཕེལ་རྒྱས་འགན་ལེན་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཙུགས་ནས། མི་དམངས་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།

    རང་སྐྱོང་ལྗོངས་ཀྱིས་རིམས་འགོག་སྨན་ཁབ་དང་། གཅིག་སྡུད་ཉོ་སྒྲུབ་བྱས་པའི་སྨན་བཅོས་ཡོ་བྱད། བྱིས་པའི་མཛེས་རྫས་སོགས་ཉེན་ཁ་ཆེ་བའི་ཐོན་རྫས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་མངགས་བཅོལ་ཐོན་སྐྱེད་དང་། དྲ་རྒྱའི་ཕྱིར་ཚོང་། གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་སོགས་གཙོ་གནད་ལྷུ་ཚིགས་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་བྱས་པ་དང་། དྲ་ཐོག་དང་དྲ་ཕྱི་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་བྱེད་པའི་རྣམ་པ་བརྒྱུད། ལྷོ་ནུབ་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དྲུག་གིས་མཉམ་འབྲེལ་ཐོག་ས་ཁོངས་ལས་བརྒལ་བའི་ལྟ་འདོམས་མཐུན་སྦྱོར་ལམ་སྲོལ་བཙུགས་ཏེ། སྨན་རྫས་ཐོན་སྐྱེད་ཁེ་ལས་དང་སྡེབ་ཚོང་ཁེ་ལས་ལ་ཞིབ་བཤེར་བྱེད་ཚད་30%ལས་མི་དམའ་བར་བྱས་པ། དེ་བཞིན་ཐོན་སྐྱེད་ལྷུ་ཚིགས་སུ་བཟོ་རྩལ་བརྗེ་སྒྱུར་དང་ཞིབ་བཤེར་ཟིན་ཐོ་རྫུན་བཟོ་སོགས་ཀྱི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་པ་དང་། གཉེར་སྐྱོང་ལྷུ་ཚིགས་སུ་སྨན་ཐོའི་སྨན་སྒྲིག་འགལ་ངང་བཙོངས་པ་དང་དེབ་འཛིན་སྨན་སྦྱོར་པའི་ལག་ཁྱེར་བཀལ་བ་སོགས་ཀྱི་གནད་དོན་གཙོ་གནད་དུ་བཅོས་སྒྲིག་བྱས་པ་མ་ཟད། སྨན་བཅོས་མཛེས་བཟོ་དང་བོད་སྨན་འཁོར་རྒྱུག་སོགས་ཀྱི་གནད་དོན་ཆེད་དོན་བཅོས་སྐྱོང་ཡང་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱིས“རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང”བཅས་རིམ་པ་གསུམ་གྱི་ཉེན་ཁ་མཉམ་གྲོས་ལམ་སྲོལ་བཙུགས་ཏེ་གྲངས་གཞི་ཆེན་པོར་བརྟེན་ནས་སྨན་རྫས་མ་འཕྲོད་པའི་བརྡ་རྟགས་ལ་དབྱེ་ཞིབ་བྱས་པ་དང་། བོད་སྨན་སྨན་བཅོས་སྒྲིག་གཞིའི་སྨན་རྫས་དང་སྨན་ཐུམ་རྒྱུ་ཆར་དམིགས་ནས་ལྟ་ཞིབ་ཚད་ལེན་བྱས་པ། “ཐོན་རྫས་གཉིས་དང་ཡོ་བྱད་གཅིག”ལ་རྒྱལ་ཁབ་ཀྱིས་འཐེན་བཤེར་དང་། ཞིང་ཆེན་གྱིས་འཐེན་བཤེར། ཆེད་དོན་འཐེན་བཤེར་བཅས་བྱས་ནས་མངགས་བཅོལ་ཐོན་སྐྱེད་ཐོན་རྫས་ལ་འཐེན་བཤེར་བྱེད་ཚད་བརྒྱ་ཆ་100ཟིན་པར་བྱས་ཡོད། གྲངས་གཞི་ལས་མངོན་པར། 2024ལོར་ལྗོངས་ཡོངས་ཀྱི“ཐོན་རྫས་གཉིས་དང་ཡོ་བྱད་གཅིག”ལ་འཐེན་བཤེར་ཐེངས་2029བྱས་པར་ཚད་ལོན་ཚད་99.2%ཟིན་པ་དང་། “ཐོན་རྫས་གཉིས་དང་ཡོ་བྱད་གཅིག”གི་གྱོད་གཞི་144ལ་ཞིབ་བཤེར་ཐག་གཅོད་བྱས་ནས་གཞུང་བཞེས་བཏང་བ་དང་དངུལ་ཆད་བཅད་པའི་དངུལ་འབོར་སྒོར་ཁྲི་273.8ཟིན་ཡོད།

    བདེ་འཇགས་ཀྱི་མཐའ་ཚད་ནན་པོར་བསྲུངས་པ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཀྱིས་འབྲེལ་ཡོད་ཐོན་ལས་རོགས་སྐྱོར་སྲིད་ཇུས་བཏོན་ནས“ཟུང་འབྲེལ་གསུམ”གྱི་བོད་སྨན་ཞིབ་དཔྱད་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། ཚད་གཞི་མཐོར་གཏོང་འདུ་འགོད་ལག་བསྟར་བྱས་ཏེ《པུའུ་འགྲེམས་བོད་སྨན་ཚད་གཞི་95》ལ་བཟོ་བཅོས་བརྒྱབ་ནས་བོད་སྨན་ཡོ་བྱད་ཞིབ་འཇུག་གསར་སྤེལ་དང་ཐོ་འགོད་བྱེད་སྟངས་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱས་ཡོད།“དྲ་གཅིག་ཀུན་སྒྲུབ”སྲིད་དོན་ཞབས་ཞུའི་སྒྱུར་བཅོས་བརྒྱུད་སྨན་རྫས་མཆན་འགོད་ཀྱི་དུས་ཚད་50%ཐུང་དུ་བཏང་བ་དང་། ཁེ་ལས་འབྲེལ་གཏུག་ས་ཚིགས་བཙུགས་ནས“གཅིག་གཏད་གཅིག”གི་མཛུབ་ཁྲིད་བྱས་པ། མཐོ་གསར་སྨན་རྫས་ཁེ་ལས་གཞིས་ཆགས་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་ཐབས་བྱས་ཡོད། རིགས་དང་པོའི་གསར་གཏོད་སྨན་རྫས་2ཁྲོམ་རར་འདོན་རྒྱུར་སྐུལ་འདེད་བཏང་སྟེ་རང་ལྗོངས་སུ་ལོ་20ལྷག་ཙམ་གསར་གཏོད་སྨན་རྫས་བྱུང་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།