བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ཐབས་བཟང་བཏོན་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་དམིགས་ཏེ། དམིགས་ཚད་ལ་ཕྱོགས་ནས་ཤུགས་རྒྱག་པ་དང་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་སྟེ་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ད་ལོའི་ཟླ་2པའི་ཟླ་མཇུག་བར། གྲོང་ཁྱེར་ཡོངས་སུ་དམངས་གཉེར་ཁེ་ལས་7623ཡོད་པ་དེ་དུས་མཚུངས་ལས་9.21%འཕར་བ་དང་། ཐོ་འགོད་ལས་གཉེར་ཁེ་ལས་བསྡོམས་འབོར་གྱི་85.43%ཟིན་ཡོད་པ་རེད།
མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་དོན་ཚན་སྒྲུབ་ཚད་70%ལྷག་ཙམ་ཟིན་ནས་ཐོན་མང་བའི་དོན་ཚན་རེ་ཞུའི་དཔྱད་ཡིག་10%ཉུང་དུ་ཕྱིན་པ་དང་སྒྲུབ་གཉེར་དུས་ཚོད་68.7%ཐུང་དུ་ཕྱིན་ཡོད། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ནས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པར་ཁྲལ་རིན་སྒོར་དུང་ཕྱུར་1.92གཟིགས་སྐྱོང་བྱས་པ་དང་། བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བར་ཁྲལ་རིན་སྒོར་དུང་ཕྱུར་1.83གཟིགས་སྐྱོང་བྱས་པ། སྤྱི་དབང་མིན་པའི་གཉེར་སྐྱོང་བྱེད་པོ་ཚོང་དུད་ཁྲི་5.41བར་འཕེལ་རྒྱས་ཕྱིན་ནས་9.7%འཕར་ཡོད། གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་ཚོང་འགུགས་མ་འདྲེན་གྱི་ཞིང་ལས་ཐོན་ལས་ཅན་གྱི་ཁེ་ལས་ཀྱི་ཟོག་འགྲེམས་ཆེད་དོན་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། སྲིད་གཞུང་དང་ཁེ་ལས་སྙིང་གཏམ་ཤོད་རེས་ཚོགས་འདུ་འཚོགས་ཏེ་སྒོ་རྩར་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་དཀའ་གནད་བསལ་ཞིང་། ཟླ་རེའི་ཚེས་20ཉིན་དེ“ཁེ་ལས་སྣེ་ལེན་ཉིན་མོར”གཏན་འཁེལ་བྱས་ཡོད་པ་རེད།
“ཧང་ཀྲང་གིས་ཁྲང་ཀྲང་ལ་འཚམས་འདྲི་བྱེད་པའི”དངུལ་རྩའི་བློ་འདྲིའི་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་བ་བརྒྱུད། ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་58.55ཟིན་ནས་30.3%འཕར་ཡོད། དམངས་གཉེར་ཁེ་ལས་47ལ་དངུལ་བུན་སྐྱེད་སློག་སྒོར་ཁྲི་200བྱས་ཏེ་ཁེ་ལས་དང་འབྲེལ་བ་ཡོད་པའི་དངུལ་བུན་སྒོར་དུང་ཕྱུར་10.65གཏོང་བར་སྐུལ་འདེད་བཏང་ཡོད་པ་རེད།