ཟླ་4ཚེས་1ཉིན་ནས་བཟུང་སྤ་སེའི་རིན་གོང་གི་ལྡབ་15ཡི་སྐར་གསོག་འཐོབ་རྒྱུ་ཡིན་པ།
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་1ཉིན་ནས་བཟུང་། རྒྱལ་ཁབ་ལྕགས་ལམ་ཚོགས་པས་ད་ལྟ་ལག་ལེན་བསྟར་བཞིན་པའི“ལྕགས་ལམ་ཤར་བགྲོད”ཀྱི་རྒྱུན་ལྡན་འགྲུལ་པའི་ཚོགས་མིར་ཞབས་འདེགས་ཞུ་བའི་རྨང་གཞིའི་ཐོག རྒྱུན་དུ་མེ་འཁོར་ལ་སྡོད་མཁན་འགྲུལ་པ་རྒན་རྒོན་ཚོགས་མིར་སྐར་གསོག་གཟིགས་སྐྱོང་དེ་བས་ཆེ་བ་བྱེད་རྒྱུ་རེད།
ཟླ་4ཚེས་1ཉིན་ནས་བཟུང་། གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་། ཤང་ཀང་དང་ཨའོ་མོན་གྱི་གྲོང་མིའི་གནས་སྡོད་ལག་ཁྱེར། ཐའེ་དབན་གྱི་གྲོང་མིའི་གནས་སྡོད་ལག་ཁྱེར། ཤང་ཀང་དང་ཨའོ་མོན་གྱི་གྲོང་མི་ནང་སར་འགྲོ་འོང་ལམ་ཡིག ཐའེ་དབན་གྱི་གྲོང་མི་སྐམ་ས་ཆེན་པོར་འགྲོ་འོང་ལམ་ཡིག ཕྱི་རྒྱལ་བ་གཏན་སྡོད་ཐོབ་ཐང་ལག་ཁྱེར་ཡོད་པའི་ལོ་60ལ་སླེབས་པའི་རྒྱུན་ལྡན་འགྲུལ་པའི་ཚོགས་མི་འགྲུལ་སྐྱེལ་མེ་འཁོར(གནས་སྐབས་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་དང་རྒྱལ་སྤྱིའི་མེ་འཁོར་ཚུད་མེད)ལ་སྡོད་སྐབས་སྤ་སེའི་རིན་གོང་གི་ལྡབ་15ཡི་སྐར་གསོག་ཐོབ་པ་དེ་རྒྱུན་ལྡན་འགྲུལ་པའི་ཚོགས་མི་དཀྱུས་མའི་ལྡབ་3དང་མཚུངས་ཤིང་། སྒོར་1000བཏང་ནས་མེ་འཁོར་ལ་བསྡད་ཚེ་སྐར་གསོག་ཁྲི་1.5རག་གི་ཡོད་པ་དང་། དེ་མེ་འཁོར་དང་བརྗེ་སྐབས་སྒོར་150ཡི་ཚབ་བྱེད་ཆོག་གི་ཡོད་པ་རེད།
སྤ་སེ་ཉོ་བ་དང་། མེ་འཁོར་སྒུག་པ། མེ་འཁོར་ལ་སྡོད་པ། འགྲིམ་འགྲུལ་འབྲེལ་མཐུད་སོགས་ཀྱི་ལྷུ་ཚིགས་ལ་དམིགས་ནས། ལྕགས་ལམ་སྡེ་ཚན་་གྱིས་ཉེ་བའི་ལོ་ཤས་རིང་རྒན་རྒོན་ལ་འཚམ་པའི་ཞབས་འདེགས་ཞུ་སྟངས་རབ་དང་རིམ་པ་བཏོན་ཡོད། ལྕགས་ལམ་12306དྲ་ཚུགས་དང་སྤྱོད་སྣེས“རྒན་བཀུར་རྣམ་པའི”ཞབས་འདེགས་ཞུ་སྟངས་བཏོན་ཞིང་། རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་1223ལ་ཞབས་འདེགས་ཞུས་ཡོད། མེ་འཁོར་བབས་ཚུགས་ཀྱི་སྐར་ཁུང་དུ་མི་ཐབས་ཀྱི་སྤ་སེ་འཚོང་བ་དང་དངུལ་སྨར་སྤྱོད་པའི་ཞབས་ཞུ་རང་སོར་བཞག་པ་དང་། ལྕགས་ལམ་12306གིས་ཉལ་སྟེགས་མེ་འཁོར་སྤ་སེ་ཉོ་མཁན་ལོ་60ལ་སླེབས་པའི་རྒན་རྒོན་འགྲུལ་པར་རང་འགུལ་ངང་སྔོན་ལ་ཉལ་ཁྲི་འོག་མ་བཀོད་སྒྲིག་བྱེད་ཀྱི་ཡོད།