དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

    《ཀྲུང་ལུགས་སྨན་རྫས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་ཀྲུང་ལུགས་གསོ་རིག་སྨན་རྫས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-03-23

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཀྲུང་ལུགས་སྨན་རྫས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་ཀྲུང་ལུགས་གསོ་རིག་སྨན་རྫས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད། 《བསམ་འཆར》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཀྲུང་ལུགས་སྨན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་རྨང་གཞིར་བྱེད་པ་དང་། ཚན་རྩལ་གསར་གཏོད་འདེགས་སྐྱོར་དུ་བྱེད་པ། སྒྲིག་སྲོལ་དང་ལམ་སྲོལ་གྱི་སྒྱུར་བཅོས་འགན་སྲུང་དུ་བྱེད་པ་བཅས་བྱས་ནས་རྒྱུན་འཛིན་དང་གསར་གཏོད་གལ་ཆེ་མཉམ་དུ་འཛིན་པ་དང་། བཀོད་པ་དང་གྲུབ་ཆ་ལུགས་དང་མཐུན་པ། སྒྲིག་ཆས་བཟོ་སྐྲུན་སྔོན་ཐོན་ཡིན་པ། སྤུས་ཚད་བདེ་འཇགས་ལྡན་ལ་བློས་འཁེལ་བ། འགྲན་རྩོད་ནུས་པ་ཆེ་བ་བཅས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་ཏེ་མི་དམངས་ཀྱི་བདེ་ཐང་དང་བདེ་རྩ་སྔར་བས་ཆེ་རུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་ཆེད། ཕྱོགས་བརྒྱད་ཀྱི་ཐད་ནས་ནང་དོན་གཙོ་བོ་21བཏོན་ཡོད།

    གཅིག་ནས་ཀྲུང་ལུགས་སྨན་རྫས་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཀྲུང་ལུགས་སྨན་རྫས་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ《རི་སྐྱེས་སྨན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དོ་དམ་སྲོལ་ཡིག》ལ་ཞིབ་འཇུག་བྱས་ནས་བཟོ་བཅོས་རྒྱག་དགོས། ཀྲུང་ལུགས་སྨན་རྒྱུ་རྩ་ཆེན་གྱི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཚད་ལྡན་དུ་བཏང་ནས་ཀྲུང་ལུགས་སྨན་རྒྱུ་རྩ་ཆེན་གྱི་ཐོན་ཁུངས་ཁག་གཅིག་གསོ་སྤེལ་དང་། སྐྱེ་དངོས་དཔེ་འགྲེ ཚབ་བྱེད་བཅས་ཀྱི་ལག་རྩལ་ལ་ཚད་བརྒལ་ཡོང་བར་བྱེད་དགོས་པ་དང་། ཀྲུང་ལུགས་སྨན་རྫས་ཀྱི་ཐོན་ཁུངས་བསྡོམས་རྩིས་དང་ལྟ་ཞིབ་ཚད་ལེན་ལ་སྐུལ་འདེད་གཏོང་དགོས།

    གཉིས་ནས་ཀྲུང་ལུགས་སྨན་རྒྱུའི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཤིང་། ཀྲུང་ལུགས་སྨན་རྒྱུའི་དེང་རབས་སོན་ལས་འཕེལ་རྒྱས་བཏང་སྟེ་ཀྲུང་ལུགས་སྨན་རྒྱུའི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་ལུགས་སྨན་རྒྱུའི་སྐྱེ་ཁམས་འདེབས་འཛུགས་དང་གསོ་སྤེལ་ལ་སྐུལ་འདེད་བཏང་སྟེ་ཡུལ་བབ་དང་བསྟུན་ནས་ནགས་རྩྭའི་ཀྲུང་ལུགས་སྨན་རྒྱུ་འཕེལ་རྒྱས་གཏོང་དགོས། ཀྲུང་ལུགས་སྨན་རྒྱུ་འཁོར་རྒྱུག་དང་གསོག་འཇོག་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཀྲུང་ལུགས་སྨན་རྒྱུའི་ཁྲོམ་རར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཀྲུང་ལུགས་སྨན་རྒྱུའི་རིན་གོང་ལྟ་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

    གསུམ་ནས་ཀྲུང་ལུགས་སྨན་རྫས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཤིང་། ཐོན་ལས་གྲུབ་ཆའི་བཀོད་པ་ལེགས་སུ་བཏང་ནས་ལེགས་ལྡན་ཐོན་ལས་ཚོ་འདུས་འཕེལ་རྒྱས་གཏོང་དགོས། ཀྲུང་ལུགས་སྨན་རྫས་བཟོ་བའི་སྤུས་ཚད་མཐོ་རུ་བཏང་ནས་ཀྲུང་ལུགས་སྨན་རྫས་བཟོ་ལས་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་ལུགས་སྨན་རྫས་ཀྱི་སྣ་ཁ་གྲགས་ཅན་སྐྱེད་སྲིང་བྱས་ཏེ་ཀྲུང་ལུགས་སྨན་རྫས་འདུལ་སྦྱོང་གི་ལག་རྩལ་རྒྱུན་འཛིན་དང་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ལུགས་སྨན་རྫས་ཀྱི་སྣ་ཁ་ཆེ་གྲས་གསར་གཏོད་དང་ལེགས་བཅོས་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་ལུགས་སྨན་རྫས་ཀྱི་སྤུས་རྟགས་གྲགས་ཅན་གཏོད་དགོས།

    བཞི་ནས་ཀྲུང་ལུགས་སྨན་རྫས་ཀྱི་རིན་ཐང་དཔྱད་དཔོག་དང་སྦྱོར་སྡེབ་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས་ཤིང་། ཀྲུང་ལུགས་གསོ་རིག་གི་ནད་ཐོག་ཕན་ནུས་ལ་གདེང་འཇོག་བྱེད་པའི་དཔེ་དབྱིབས་ཆེན་པོ་གསར་སྤེལ་བྱས་ནས་མིའི་བཀོལ་སྤྱོད་ཉམས་མྱོང་དེ་ནད་ཐོག་དཔང་རྟགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་ལུགས་སྨན་རྫས་སྦྱོར་སྡེབ་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ལུགས་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་དང་སུས་འཇོན་དེ་འགུགས་ཀྱིས་ཉོ་སྒྲུབ་བྱེད་པའི་སྲིད་ཇུས་ལེགས་སུ་བཏང་ནས་སྤུས་ཀ་ལེགས་ལ་རིན་གོང་ཡག་པོ་ཡོང་བར་བྱེད་དགོས།

    ལྔ་ནས་ཀྲུང་ལུགས་སྨན་རྫས་ཀྱི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་ཤིང་། ཀྲུང་ལུགས་གསོ་རིག་རིགས་ཀྱི་རྒྱལ་ཁབ་གསོ་རིག་ལྟེ་གནས་དང་ཀྲུང་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་། རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས། རྒྱལ་ཁབ་བཟོ་སྐྲུན་ལས་རིགས་གསར་གཏོད་ལྟེ་གནས་བཅས་སྐྲུན་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་འཆར་གཞིས་ཀྲུང་ལུགས་སྨན་རྫས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་སྨན་བཅོས་སྒྲིག་གཞིའི་ཀྲུང་ལུགས་སྨན་རྫས་ཀྱི་སྦྱོར་རྟ་དང་སྨན་པ་གྲགས་ཅན་གྱི་ནུས་ཐོན་བཅོས་ཐབས་སོགས་འཚོལ་ཞིབ་དང་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་དགོས།

    དྲུག་ནས་ཀྲུང་ལུགས་སྨན་རྫས་ཀྱི་སྤུས་ཚད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཀྲུང་ལུགས་སྨན་རྫས་ཀྱི་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་ལུགས་སྨན་རྫས་གྲངས་འཛིན་ཅན་གྱི་ཚད་གཞི་ཁྱབ་སྤེལ་མགྱོགས་སུ་གཏོང་དགོས། ཀྲུང་ལུགས་སྨན་རྫས་ཀྱི་ལྟ་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཀྲུང་ལུགས་སྨན་རྫས་སྣ་ཁ་སྲུང་སྐྱོང་གི་ཞིབ་དཔྱད་དོ་དམ་སྒྲིག་སྲོལ་ལེགས་པར་བཟོས་ཏེ། ཀྲུང་ལུགས་སྦྱོར་སྨན་གྱི་ཆོག་མཆན་ཡིག་ཨང་ཕྱིར་འཐེན་གྱི་ལམ་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་དགོས།

    བདུན་ནས་ཀྲུང་ལུགས་སྨན་རྫས་སྒོ་དབྱེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེར་སྐུལ་འདེད་བཏང་སྟེ་ཀྲུང་ལུགས་སྨན་རྫས་ཀྱི་རྒྱལ་སྤྱིའི་ཐོ་འགོད་དང་ཁྲོམ་ར་རྒྱ་སྐྱེད་ལ་སྐུལ་འདེད་གཏོང་དགོས་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས།

    བརྒྱད་ནས་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་དང་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་དགོས་ཤིང་། སྤྱི་འདོམས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།