དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་ཉོ་སྐྱེལ་ལས་སྒོ་གཉེར་འགོ་ཚུགས་པ།

    ལས་རྣམ་གསར་པར་བརྟེན་ཏེ་འཕེལ་རྒྱས་གསར་པར་རམ་འདེགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-23

    “ཁྱེད་རང་ལ་ཉོ་སྐྱེལ་མངགས་ཐོ་འདུག”གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་གྱི་ཁྲ་པའེ་ཏའོ་འོ་ཇ་ཁང་དུ་ཉོ་སྐྱེལ་གྱི་དྲན་སྐུལ་སྐད་བརྡ་རྒྱུན་མི་ཆད་པར་གྲགས། ཁྲ་པའེ་ཏའོ་འོ་ཇ་ཁང་དེ་2024ལོའི་ཟླ་12པར་ལས་འགོ་ཚུགས་པ་དང་དེ་ནི་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གི་ཁྲ་པའེ་ཏའོ་འོ་ཇ་ཁང་དང་པོ་དེ་རེད།

    བོད་ཀྱི་མཐའ་མཚམས་རྫོང་གི་གྲས་ཤིག་ཡིན་པའི་གྲོ་མོ་རྫོང་གིས་2024ལོའི་ཟླ་7པར་མོས་འདེམས་ཉོ་སྐྱེལ་ཤར་གཏོང་བྱས་པས་འོ་ཇ་ཁང་དང་བཟའ་བཏུང་ཁང་མང་པོས་ཉོ་སྐྱེལ་ལས་སྟེགས་སུ་ཞུགས་ནས་རྫོང་གྲོང་གི་ཉོ་སྐྱེལ་པས་ཀྱང་བྲེལ་བརྩོན་ཆེན་པོས“མངགས་ཟས་སྐར་མ་30ཡི་ནང་སྐྱེལ་བའི”འཛད་སྤྱོད་ཀྱི་ཉམས་ལེན་གསར་པ་བྱེད་འགོ་ཚུགས་ཡོད།

    ཁྲ་པའེ་ཏའོ་འོ་ཇ་ཁང་གི་སྦྱིན་བདག་ཅིན་ཡན་གྱིས་ངོ་སྤྲོད་བྱས་པར། འོ་ཇ་ཁང་བཙུགས་རྗེས་མོས་འདེམས་ཉོ་སྐྱེལ་འཕྲལ་དུ་བྱེད་འགོ་བཙུགས་པས་སྐབས་དེར་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཡིན་རུང་འོ་ཇ་ཁང་གི་ལས་མི་གསུམ་སྔར་བཞིན་ལས་བྲེལ་ཆེན་པོ་འདུག ད་ལྟ་ཉོ་སྐྱེལ་བྱེད་ཚད་ཟླ་རེར་མངགས་ཐོ་500ཙམ་ཟིན་ནས་ལས་གཉེར་ཡོང་འབབ་15%ཙམ་ཟིན་གྱི་འདུག

    ཅིན་ཡན་གྱིས་རྒྱུན་སྡོད་མི་འབོར་ཁྲི་གཅིག་ལྷག་ཙམ་ལས་མེད་པའི་གྲོང་ཁྱེར་ཆུང་ངུ་འདིར་འོ་ཇ་ཁང་བཅུ་ལྷག་ཡོད་པས་འགྲན་རྩོད་ཧ་ཅང་ཆེན་པོ་འདུག དེར་བརྟེན“ལས་འགོ་ཚུགས་ནས་ངེས་པར་དུ་ཉོ་སྐྱེལ་ལས་སྟེགས་སྤྱོད་འགོ་ཚུགས་དགོས། ལས་སྟེགས་སུ་ཞུགས་རྗེས་དུས་ཐུང་ནང་ཁྱབ་གདལ་ནུས་ལྡན་ཐུབ་པ་དང་མངགས་ཚད་མཐོ་རུ་ཕྱིན་པ་མ་ཟད། ཚོང་པ་རང་ཉིད་ཀྱིས་སྡེབ་སྐྱེལ་བྱེད་དགོས་ཀྱི་མེད་པས་ལས་མི་སྤྱོད་ཚད་ཉུང་དུ་ཕྱིན་པ་མ་ཟད་འབབ་ཁུངས་ཀྱང་མང་དུ་ཕྱིན་ཡོད”ཅེས་བཤད།

    གསར་དར་འོ་ཇ་ཁང་ཕུད། གྲོ་མོ་རྫོང་དུ་བཙུགས་ནས་ལོ་མང་སོང་བའི་ཟ་ཁང“དབྱང་ཝུའེ་ཐང་ཟ་ཁང”ཡང་ཉོ་སྐྱེལ་ལས་སྟེགས་སུ་ཞུགས་ཡོད། སྦྱིན་བདག་ཝང་ཆུན་ཧྥང་གིས་ཉོ་སྐྱེལ་ལས་སྟེགས་སུ་ཞུགས་པའི་ཟླ་ཁ་ཤས་རིང་ཟླ་རེར་འབབ་འཕར་སྒོར་ཁྲི་གཉིས་ལྷག་ཙམ་མང་དུ་ཕྱིན་སོང་། “ལས་སྟེགས་སུ་ཞུགས་པས་ང་ཚོའི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། མངགས་ཐོ་ཆེད་མངགས་སྐྱེལ་མཁན་ཡོད་པས་གོ་ཉིས་ཆོད་རེད”ཅེས་བཤད།

    མོས་འདེམས་ཀྱི་ལྷ་སའི་ཁྲོམ་ར་གཉེར་སྐྱོང་གི་སྤྱི་ཁྱབ་ལྟ་ཞིབ་པ་ཀྲང་ཡིང་ཆིས་གྲོ་མོ་རྫོང་དུ་ཉོ་སྐྱེལ་ལས་སྟེགས་ཀྱི་ལས་སྒོ་སྤྱོད་འགོ་བཙུགས་ཚུན་ས་གནས་དེ་རང་གི་རིགས་ཁག་གི་དངོས་གཞིའི་ཚོང་པས་རྒྱུན་མཐུད་ངང་དྲ་ཐོག་གི་ཚོང་གཉེར་དང་སྦྲེལ་མཐུད་བྱས་ཤིང་། མིག་སྔར་དེའི་ནང་ཞུགས་མཁན་བཟའ་བཏུང་དང་སིལ་ཚོང་སོགས་ཀྱི་ཚོང་པ་66ཡོད་པས་མངགས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་ལས་ཞུགས་ཀྱི་གོ་སྐབས་གསར་པ་མང་པོ་ཞིག་བཏོད་ཡོད་ཅེས་བཤད།

    ཁྱབ་བསྒྲགས་བྱས་མ་ཐག་པའི་2025ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྱོང་བྱེད་ཟབ་ཏུ་བཏང་ནས་མུ་སྦྲེལ་གཉེར་སྐྱོང་བཀོད་པའི་རྫོང་ཁོངས་ཀྱི་ཁྲོམ་རར་རྒྱབ་སྐྱོར་བྱས་ཏེ་གྲང་ཕྲེང་སྡེབ་སྐྱེལ་དང་འཕྲལ་དུ་སིལ་ཚོང་བྱ་རྒྱུ་དེ་ཤང་དང་གྲོང་རྡལ་དུ་སྣུར་བསྲིང་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། འཕྲལ་དུ་སིལ་ཚོང་བྱ་རྒྱུ་དེ་གྲོ་མོ་རྫོང་དུ་དར་བ་ནས་བཟུང་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།