མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒན་གསོ་སྒྲིག་གཞིའི་ཞིབ་དཔྱད་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》ཀྱིས་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ལ་དཀྲིས་པའི་ཚོང་ཟོག་དང་ཞབས་ཞུར་ལྟ་སྐུལ་བྱེད་པའི་སྤྱི་ཚོགས་ཀྱི་འགན་ནུས་ནན་ཏན་ངང་སྒྲུབ་པ་དང་མཚོ་སྔོན་ཞིང་ཆེན་གྱི་རྒན་གསོའི་སྒྲིག་གཞིའི་གནས་ཚུལ་དངོས་དང་ཞབས་ཞུའི་ད་ལྟའི་གནས་ཚུལ་རྒྱུས་ལོན་སྔར་བས་ལེགས་པར་བྱས་ཏེ། བདེ་འཇགས་དང་བློ་བདེའི་རྒན་གསོའི་འཛད་སྤྱོད་ཁོར་ཡུག་བསྐྲུན་ནས་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཕྱོགས་གསུམ་པའི་སྒྲིག་གཞིས་ཞིང་ཆེན་ཡོངས་ཀྱི་སྐར་མ་རིམ་པ་གསུམ་པ་ཡན་གྱི་རྒན་གསོའི་སྒྲིག་གཞི་28ལ“མཚོ་སྔོན་ཞིང་ཆེན་གྱི་རྒན་གསོའི་སྒྲིག་གཞིའི་འཛད་སྤྱོད་ཞིབ་དཔྱད་བྱེད་སྒོ”སྤེལ་རྒྱུའི་མངགས་བཅོལ་བྱས་པ་དང་འབྲེལ། སྤྱི་ཚོགས་ཡོངས་ལ་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་ཀྱང་བྱས་པ་རེད།
ད་ཐེངས་ཀྱི་ཞིབ་དཔྱད་བྱེད་སྒོ་ནི་དུས་གོང་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་སི་ཁྲོན་དང་ཁྲུང་ཆིང་གི་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་དང་མཉམ་འབྲེལ་བྱས་ཏེ་དྲ་ཐོག་ནས་ཁྱིམ་སྡོད་རྒན་གསོར་བརྟག་དཔྱད་བྱས་པའི་རྨང་གཞིའི་ཐོག་མཁོ་སྤྲོད་ཕྱོགས་ནས་འགོ་བཙུགས་ཏེ་ཞིང་ཆེན་ཡོངས་ཀྱི་རྒན་གསོའི་སྒྲིག་གཞིའི་གནས་ཚུལ་དངོས་དང་ཞབས་ཞུའི་ད་ལྟའི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་ཞིག་རེད། ཞིབ་དཔྱད་བྱེད་སྐབས་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ《རྒན་གསོའི་སྒྲིག་གཞིའི་ཞབས་ཞུའི་སྤུས་ཚད་ཀྱི་གཞི་རྩའི་ཚད་གཞི》དང《རྒན་གསོའི་སྒྲིག་གཞིའི་དོ་དམ་བྱ་ཐབས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། གཞི་རྩའི་གནས་ཚུལ་དང་། འོས་བབ་ངོ་སྤྲོད། བར་མཐོངས་ཁོར་ཡུག རྒན་གསོའི་ཞབས་ཞུ། གཉེར་སྐྱོང་དོ་དམ། འཛད་སྤྱོད་པའི་གདེང་འཇོག་སོགས་ཕྱོགས་6ལ་དམིགས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་རིམ་གསུམ་དམིགས་ཚད་ཁག་26བདམས་ནས་རྒན་གསོའི་སྒྲིག་གཞི་ཁག་ཏུ་ཁྱབ་གདལ་གཏིང་ཟབ་བཏང་བ་རེད། ཞིབ་དཔྱད་བྱས་འབྲས་ལས་མངོན་པར། ཞིང་ཆེན་ཡོངས་ཀྱི་སྐར་མ་རིམ་པ་གསུམ་པ་དང་དེ་ཡན་གྱི་རྒན་གསོའི་སྒྲིག་གཞིའི་དམིགས་ཚད་ཁག་གི་ཕྱོགས་བསྡུས་མཚོན་ཚུལ་ཡག་པོ་ཡོད་པ་དང་། ཞབས་ཞུ་ཁག་ཅུང་འཐུས་སྒོ་ཚང་བ། འཛད་སྤྱོད་པ་བློ་ཡིད་ཚིམ་ཚད་ཅུང་མཐོ་བ་བཅས་ཡོད་པ་རེད། གཉེར་སྐྱོང་དོ་དམ་ཐད་སྒྲིག་གཞི་ཚང་མས་གན་རྒྱ་ཚད་ལྡན་དུ་བཏང་བ་དང་གྲོན་བསྡུའི་ཚད་གཞི་ལུགས་མཐུན་ངང་བཀོད་སྒྲིག་བྱས་པ་དང་། སྨན་བཅོས་ནད་གཡོག་གི་བར་མཐོངས་བཀོད་སྒྲིག་ཐད་སྒྲིག་གཞི་ཚང་མའི་བཀོད་སྒྲིག་ཆ་ཚང་བ་མ་ཟད། ལས་དོན་མི་སྣའི་བདེ་ཐང་དཔང་ཡིག་ཡོངས་བསྒྲགས་ཡག་པོ་བྱས་པ། རིག་རྩལ་བྱེད་སྒོའི་ཁོར་ཡུག་དང་། སྒྲིག་བཀོད། སྒྲིག་ཆས་བཅས་ཐད་སྒྲིག་གཞི་ཚང་མར་ཆེད་སྤྱོད་ཀྱི་རིག་རྩལ་རོལ་རྩེད་སྒྲིག་ཆས་བཀོད་སྒྲིག་བྱས་པ། འགོག་རྐྱེན་མེད་པའི་འགྲོ་སྐྱོད་སྒྲིག་ཆས་ཐད་སྒྲིག་གཞི་ཚང་མས་རྐུབ་སྟེགས་འཁོར་ལོ་ཅན་དང་འགྱོགས་བྱམས་སོགས་ཀྱི་དགོས་མཁོ་བསྐངས་ཡོད། སྤྱི་ཡོངས་ཀྱི་གནས་ཚུལ་ཡག་པོ་ཡོད་མོད། འོན་ཀྱང་སེམས་ཁམས་ཟུར་ཁྲིད་དང་འོས་ཐོབ་ཡོངས་བསྒྲགས་ཀྱི་ལས་འགན་བསྒྲུབ་པ་དང་འཕྲལ་སྡོམ་སྐད་འབོད་ཀྱི་སྒྲིག་ཆས་ལེགས་སུ་གཏོང་བ་སོགས་ཐད་སྔར་བཞིན་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད།