དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས“བྱ་ཐབས་བཞིར”བརྟེན་ནས་མང་ཚོགས་ཀྱི་ལྕེ་ཐོག་གི་བདེ་འཇགས་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-03-22

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་དྲ་བ་ཟམ་མི་ཆད་པར་བརྟན་དུ་བཏང་ནས“འགན་འཁྲི་དང་། ལྟ་སྐུལ། ཞིབ་བཤེར། མཉམ་བཅོས་བཅས་ཟུང་དུ་འབྲེལ་བའི”སྲུང་སྐྱོང་བྱ་ཐབས་བཞིའི་ལམ་སྲོལ་གསར་དུ་བཏོད་ནས་མང་ཚོགས་ཀྱི་ལྕེ་ཐོག་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།

    འགན་འཁྲིའི་བྱ་ཐབས་ས་ཁོངས་ཧྲིལ་པོར་ཁྱབ་པར་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་ཞིབ་འཇུག་བརྡར་གཅོད་དང་། བཀོད་སྒྲིག བྱ་སྤྱོད་བཅས་སྔ་ཙམ་སྤེལ་བའི་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་བཏོད་པ་དང་། 《“དུས་ཆེན་ཆེན་པོ་གསུམ”རིང་གི་བཟའ་བཅའི་བདེ་འཇགས་འགན་སྲུང་ལག་བསྟར་ཇུས་གཞི》བཀྲམ་སྟེ། ཞིང་ནང་ནས་གསོལ་ལྕོག་བར་གྱི་འཁོར་འབྲེལ་ཧྲིལ་པོར་ལྟ་འདོམས་བྱས་པ་མ་ཟད། འདེབས་འཛུགས་དང་གསོ་ཚགས། ཐོན་སྐྱེད་ལས་སྣོན། འཁོར་རྒྱུག་ཕྱིར་ཚོང་སོགས་ཀྱི་ལྷུ་ཚིགས་ལ་མཉམ་འབྲེལ་ཞིབ་བཤེར་བྱས་ཏེ་ལས་ཐོག་ལས་སྒྲུབ་དང་ལྷུ་ཚིགས་ཀྱི་འགན་འཁྲི་མི་ཐོག་ཏུ་འཁྱོལ་བར་བྱས་ཡོད།

    ལྟ་སྐུལ་གྱི་བྱ་ཐབས་གནད་འཁེལ་འགག་སྒྲོལ་ཡོང་བར་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་ཉིན་རེར་དོ་དམ་ཚོད་འཛིན་དང་། གཟའ་འཁོར་རེར་གྲལ་བཤེར། ཟླ་བ་རེར་བཀོད་གཏོང་བཅས་ཀྱི་ལམ་སྲོལ་ལག་ལེན་བསྟར་ཏེ། འབྱུང་རྩ་ནས་ཤ་རིགས་ཐོན་རྫས་དང་། ཏན་ཞིམ། ཁ་ཟས་སོགས་ཀྱི་ཟས་རིགས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ལ་ཆེད་དོན་ཞིབ་བཤེར་བྱས་ཏེ་སྦྱོར་རྟ་བེད་སྤྱོད་དང་བཟོ་གྲྭ་ནས་འདོན་སྐབས་ཀྱི་ཞིབ་བཤེར་སོགས་ཀྱི་ལྷུ་ཚིགས་ཚད་ལོན་མིན་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་དང་། འཁོར་རྒྱུག་ཐད་ཚོང་ར་དང་། སྒོ་རྩིས་ཚོང་ཁང་། ཞིང་ཞོར་ཐོན་རྫས་ཁྲོམ་ར་སོགས་གཙོ་གནད་ལ་དམིགས་ཏེ། ཨུ་རུ་སུ་ནས་ནང་འདྲེན་བྱས་པའི་ཟས་རིགས་སོགས་དམིགས་བསལ་ཐོན་རྫས་རིགས་ལ་ཞིབ་བཤེར་ནན་པོ་བྱས་ཏེ། དཔང་ལེན་འཛིན་ལེན་གྱི་ཁུངས་འདེད་རྩིས་ཁྲ་བཟོས་ཡོད། འཛད་སྤྱོད་ཐད་ཟ་ཁང་ཆེ་རིགས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་གྱིས་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ཡོད།

    ཞིབ་བཤེར་གྱི་བྱ་ཐབས་ལག་ལེན་བསྟར་ཅིང་། ལྷོ་ཁ་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་ལྟ་སྐུལ་འཐེན་བཤེར་དང་། འཕྲལ་དུ་ཞིབ་བཤེར་དང་འགན་བཅོལ་གཉིས་ཀྱི་བྱེད་སྟངས་གསར་དུ་བཏོད་དེ། འདེབས་འཛུགས་རྟེན་གཞི་དང་། ཞིང་ཞོར་ཐོན་རྫས་ཁྲོམ་ར། ཚོང་ཁང་། སྒོ་རྩིས་ཚོང་ཁང་བཅས་ཀྱི་ཟས་རིགས་ཀྱི་ཞིང་ལས་ཐོན་རྫས་ལ་ལྟ་སྐུལ་འཐེན་བཤེར་བྱས་པ་དང་སྦྲགས། “ཁྱེད་ཀྱིས་སྟོན་པ་དང་ང་ཡིས་ཞིབ་བཤེར་བྱས་ནས། ལོ་གསར་གྱི་འཁྲུག་ཆ་དོད་པའི་རྣམ་པར་སྲུང་སྐྱོང་བྱེད་པའི”བྱེད་སྒོ་སྤེལ་ཏེ། ས་གནས་ས་ཐོག་གི་ཁྲོམ་རའི་སྔོ་ཚལ་ལ་ཞིང་སྨན་ལྷག་འཕྲོ་ཡོད་མེད་དང་། ཤ་རིགས་ལ་ཆུ་བསྲེས་ཡོད་མེད་སོགས་གླེང་མང་བའི་ཟས་རིགས་ཀྱི་གནད་དོན་ལ་ཞིབ་བཤེར་བྱས་པས། མང་ཚོགས་ཀྱིས་ཞིབ་བཤེར་གྱི་བརྒྱུད་རིམ་མཐོང་བར་བྱས་ནས་ཟས་རིགས་བདེ་འཇགས་དང་བློ་བདེའི་ངང་སྤྱོད་ཐུབ་པར་བྱས་ཡོད།

    མཉམ་བཅོས་ཀྱི་བྱ་ཐབས་ཕྱོགས་ཡོངས་ནས་སྤེལ་རྒྱུའི་འབོད་སྐུལ་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་དྲ་ཐོག་ཏུ་བཟའ་བཅའི་བདེ་འཇགས་ཀྱི་དྲན་སྐུལ་ཡི་གེ་བཏང་བ་དང་། དྲ་ཕྱིའི་དང་བླངས་པ་སྒྲིག་འཛུགས་བྱས་ནས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་དངོས་པོ་སྤྲད་པ་དང་། བཟའ་བཅའི་བདེ་འཇགས་སྐོར་གྱི་མང་ཚོགས་ཀྱི་དྲི་བར་ལན་བཏབ་པ། “མིང་བྱང་ནག་པོ་དང་དམར་པོའི”སྤྱི་བསྒྲགས་ལམ་ལུགས་ཁྱབ་གདལ་བཏང་བ་བཅས་བྱས་པ་མ་ཟད། “12315”ཡི་ཐད་སྦྲེལ་ཁ་པར་ལ་བརྟེན་ནས་ཆུ་ཚོད་24རིང་བརྡ་ལན་སྤྲོད་པའི་ལམ་སྲོལ་བཟོས་ཤིང་། མིག་སྔར། ཞུ་གཏུག་ཐེར་འདོན་དང་ལེན་བྱས་པ་ཚང་མ་ཐག་གཅོད་འོས་འཚམ་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།