“ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལས་གོ་ལ་ཧྲིལ་པོར་ཕན་པ་ཐོབ་པ”
པེར་ཀྲེམ་གྱི་ཀྲུང་གོའི་དཔལ་འབྱོར་ཚོང་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཏི་ཝུའེ་ཐེར་བཅར་འདྲི་བྱས་པ།
ཉིན་ཤས་གོང་། པེར་ཀྲེམ་གྱི་ཀྲུང་གོའི་དཔལ་འབྱོར་ཚོང་དོན་ཨུ་ལྷན་གྱི་ཀྲུའུ་ཞི་པེར་ནཱ·ཏི་ཝུའེ་ཐེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། “ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་འཕར་བ་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་ངོས་ནས་བརྗོད་ན་གལ་འགངས་ཧ་ཅང་ཆེན་པོ་ཞིག་རེད། 2024ལོར་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྔོན་དཔག་དམིགས་ཚད་མངོན་འགྱུར་བྱུང་ནས་དཔལ་འབྱོར་སྤྱི་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་130ལས་བརྒལ་ཡོད། དཔལ་འབྱོར་དར་ཞིང་རྒྱས་པའི་ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་པོ་ཡོང་བར་ནུས་པ་ཐོན་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད”ཅེས་བརྗོད་པ་རེད།
ཏི་ཝུའེ་ཐེས། ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་དང་རྒྱུན་ཆད་མེད་པར་ཡར་རྒྱས་འགྲོ་བའི་ལག་རྩལ་སོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཁ་བཟང་བ་དང་ལྷག་པར་དུ་ཚན་རྩལ་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གཡུར་དུ་ཟ་ཞིང་། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལ་སླེབས་ཡོད། གསར་གཏོད་ཁྱབ་ཁོངས་སུ་ཀྲུང་གོའི་གྲུབ་འབྲས་སྔར་བས་འབུར་དུ་ཐོན་ནས་གསར་གཏོད་ཀྱི་རྒྱལ་ཁབ་ཆེན་པོར་གྱུར་ཡོད་ཅེས་བརྗོད་པ་རེད།
ཏི་ཝུའེ་ཐེས། ང་རང་ལོ་ལྟར་ཀྲུང་གོར་འཚམས་འདྲིར་ཐེངས་ཁ་ཤས་སྐྱོད་ཀྱི་ཡོད། འཚམས་འདྲི་བྱེད་རིམ་བཞིན་འཕེལ་རྒྱས་ཕྱིན་པ་མཐོང་གི་འདུག “ཉེ་ཆར་པེར་ཀྲེམ་གྱི་ཀྲུང་གོའི་དཔལ་འབྱོར་ཚོང་དོན་ཨུ་ལྷན་གྱིས་ཀྲུང་གོའི་དབུ་དཀར་དཔལ་འབྱོར་བརྗོད་བྱར་བྱས་པའི་དུས་དེབ་ཅིག་པར་སྐྲུན་བྱས་ནས་པེར་ཀྲེམ་གྱི་ཁེ་ལས་ལ་ཀྲུང་གོའི་རྒན་རྒོན་ལྟ་སྐྱོང་ཁྲོམ་རའི་གོ་སྐབས་གསར་པ་ངོ་སྤྲོད་བྱས་ཡོད”ཅེས་བརྗོད་ཅིང་། ཁོང་གིས། ཀྲུང་གོའི་ཁྲོམ་རར་ཡིད་དབང་འགུག་ཤུགས་ཧ་ཅང་ཆེན་པོ་ལྡན་འདུག ཀྲུང་གོ་ཕྱོགས་ཀྱིས་དངུལ་རྩ་དང་ཁྲལ་བསྡུ་སོགས་ཁྱབ་ཁོངས་ཀྱི་གཟིགས་སྐྱོང་སྲིད་ཇུས་བརྒྱུད་ཕྱི་རྒྱལ་གྱི་ཁེ་ལས་ལ་གོ་སྐབས་མཁོ་འདོན་བྱས་པ་མ་ཟད། ཕྱི་རྒྱལ་གྱི་མ་དངུལ་ཆོག་འཐུས་ཚོད་འཛིན་ལྷུག་གཏོང་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་ནི་རང་གཞན་གཉིས་ཀར་ཕན་པའི་བྱེད་ཐབས་ཤིག་ཡིན་པ་དང་། ཕྱི་རྒྱལ་ཁེ་ལས་ཀྱིས་ཀྲུང་གོར་ལས་སྒོ་གཉེར་བ་དང་འབྲེལ་དེའི་ཁྲོད་ནས་ཁེ་ཕན་ཐོབ་པ། “ཕྱི་ཕྱོགས་སུ་སྐྱོད་པའི”ཀྲུང་གོའི་ཁེ་ལས་ཀྱིས་རྒྱལ་ཁབ་གཞན་དག་ལ་བག་ཆགས་བཟང་པོ་བཞག་ཡོད། “ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལས་གོ་ལ་ཧྲིལ་པོར་ཕན་པ་ཐོབ་ཡོད”ཅེས་བརྗོད་པ་རེད།