2024ལོའི་ལོ་འཁོར་གྱི“རྒྱལ་ཡོངས་ཀྱི་མཛངས་མའི་ཤེས་དཔལ་ལས་གནས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པའི་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ།
བོད་ལྗོངས་ཞིང་ལས་ཚན་ཞིབ་ཁྲོད་ཀྱི་བུད་མེད་ཀྱི་སྟོབས་ཤུགས།
རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཏང་ཨུད་ཀྱི་ཧྲུའུ་ཅི་ཏེང་ཀྲུའུ་དབྱིན་གྱིས། “ང་ཚོའི་ཞིབ་འཇུག་སུའོ་ཡི་ལས་བཟོ་ཕྱེད་ཀ་ཡན་ནི་བུད་མེད་ཡིན་ཞིང་། ཚན་ཞིབ་ལམ་བུར་བུད་མེད་ཀྱིས་གནམ་ཕྱེད་ཀ་བཏེགས་ནས། བོད་ཀྱི་ཚན་ཞིབ་བྱ་གཞག་ལ་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད”ཅེས་ངོ་སྤྲོད་བྱས། མི་རིང་བའི་གོང་། རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ལ་2024ལོའི་ལོ་འཁོར་གྱི“རྒྱལ་ཡོངས་ཀྱི་མཛངས་མའི་ཤེས་དཔལ་ལས་གནས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཅིང་། གཏམ་བཟང་དེ་ཁྱབ་རྗེས། ཏེང་ཀྲུའུ་དབྱིན་དང་ལས་རོགས་ཚོའི་ལས་དོན་སྒྲུབ་སེམས་དེ་བས་ཆེ་རུ་ཕྱིན་ཡོད།
ཞིང་ལས་གྲོང་གསེབ་པུའི་ཞིང་ལས་ལག་རྩལ་ཁྱབ་གདལ་གྱི་གྲུབ་འབྲས་བྱ་དགའ་དང་། རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་མི་སྒེར་གྱི་གཟེངས་བསྟོད་བྱ་དགའ། རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཡར་ཐོན་བྱ་དགའ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བྱ་དགའ་སོགས་སུའོ་འདིའི་བུད་མེད་ཚན་ཞིབ་ལས་དོན་པར་ཐོབ་པའི་ལས་ཀའི་བྱ་དགས་བརྒྱ་ཆ་དྲུག་ཅུ་ཡན་ཟིན་ཡོད། བུད་མེད་ཚན་རྩལ་པ་35ཡིས་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་། ཞིབ་ཚགས་པའི་བློ་རིག ཕུལ་དུ་བྱུང་བའི་འཇོན་ཐང་བཅས་ལས་དུས་རབས་གསར་པའི་བུད་མེད་ཀྱི་ཉམས་བཟང་མངོན་ཡོད་པ་རེད།
སྔོ་ཚལ་ཞིབ་འཇུག་སུའོ་ཡི་གཞུང་ལས་ཁང་གི་མདུན་ནས། གསར་འགོད་པར་གཤམ་སྐྱོད་ལ་འགྲོ་རྩིས་བྱེད་བཞིན་པའི་རྒྱལ་ཁབ་ཀྱི་འབོར་ཆེའི་སྔོ་ཚལ་མ་ལག་ལྷ་ས་ཚོད་ལྟའི་ས་ཚིགས་ཀྱི་ཀྲེན་ཀྲང་ལིའུ་ཡུས་ཧུང་ཐུག་བྱུང་། ཁོང་གིས་ལས་རོགས་ལ་ལག་རྩལ་འགན་ལེན་གྱི་ལས་དོན་སྤེལ་རྒྱུར་དམ་འཛིན་བྱེད་དགོས་པའི་མངགས་བཅོལ་བྱེད་བཞིན་ཡོད། ལས་ཀར་ཞུགས་ནས་ལོ་30ལྷག་ཙམ་སོང་རིང་། ལིའུ་ཡུས་ཧུང་གིས་སྔ་རྗེས་སུ་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་ནས་སུར་པན་དང་། ཧོང་ཀྭ ཀྲོ་མ་ཀྲུ་སོགས་རིགས་15ཡི་སྔོ་ཚལ་སྣ་ཁ་150ལྷག་ཙམ་ནང་འདྲེན་བྱས་པ་དང་། ས་གནས་འདི་གར་འཚམ་པའི་སྔོ་ཚལ་གྱི་སྣ་ཁ་གསར་པ་20ལྷག་ཙམ་བདམས་ནས། སྔོ་ཚལ་སྣ་ཁ་གསར་པ་མང་དུ་མགྱོགས་མྱུར་བཏང་བས་མང་ཚོགས་ཀྱི་བཟའ་བཅའི་གྲུབ་ཆ་ལེགས་སུ་འགྲོ་བར་སྐུལ་མ་ཐེབས་ཡོད།
བོད་དུ་སྔོ་ཚལ་འདེབས་པར། དྲོད་ཁང་ཆེན་པོ་སོགས་སྒྲིག་བཀོད་ཀྱིས་ནུས་པ་གཙོ་བོ་ཐོན་ཡོད། ལོ་18རིང་མཉམ་འབྲེལ་འགག་སྒྲོལ་བྱས་པ་བརྒྱུད། བོད་ཀྱི་ས་མཐོའི་སྒྲིག་བཀོད་སྔོ་ཚལ་བདེ་འཇགས་ནུས་ཆེའི་ངང་ཐོན་སྐྱེད་བྱེད་པའི་ལག་རྩལ་ལ་ཡར་རྒྱས་ཆེན་པོ་བྱུང་བ་མ་ཟད། ཕན་འབྲས་མངོན་གསལ་དོད་པོ་ཐོན་ཏེ། རྣམ་གྲངས་འདི་མུའུ་ཁྲི་10.08ཡི་སར་དཔེ་སྟོན་ཁྱབ་གདལ་བྱས་པར་སྔོ་ཚལ་ཏུན་ཁྲི་71.13ཐོན་ནས། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་39.92ཟིན་པ་དང་། ཁེ་གཙང་ཡོང་འབབ་སྒོར་དུང་ཕྱུར་5.89བྱུང་སྟེ་བོད་དང་ནང་སའི་སྔོ་ཚལ་ཐོན་སྐྱེད་ཆུ་ཚད་ཀྱི་ཧེ་བག་ཆུང་དུ་ཕྱིན་ཡོད།
ཚོགས་པའི་འགན་འཁུར་བ་ཙེང་ཞིའུ་ལི་ཡིས་ལྡུམ་རའི་རྟེན་གཞིར་ལྗང་གསོའི་ཁོག་མ་སྤོ་བ་དང་དྲོད་ཁང་ཆེན་པོའི་སྡོང་ཕྲུག་མཐོངས་ཡངས་སར་སྤོ་འཛུགས་བྱེད་བཞིན་མཆིས། མིག་སྔའི་བར། ཚོགས་པ་དེས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་རི་སྐྱེས་སྟར་ཁའི་སོན་སྤྱི་རྒྱ་3000ལྷག་ཙམ་བཏབ་པ་དང་རི་སྐྱེས་སྟར་ཁ་སྡོང་རྐང་ཁྲི་40ལྷག་ཙམ་འཛུགས་རྒྱུའི་ཇུས་འགོད་བྱས་ཡོད།
གྲོང་གསེབ་དར་རྒྱས་ཆེད“བློ་གྲོས”འདོན་པ་དང“སྤུས་ཚད”མཐོ་རུ་གཏོང་རོགས་བྱེད་པ་ནི་སྔོ་ཚལ་ཞིབ་འཇུག་ཁང་གི་བུད་མེད་ཚན་ཞིབ་ཚོགས་པའི་རྒྱུན་གཏན་གྱི་ལས་དོན་ཞིག་རེད། ཁོང་ཚོས་བོད་ཀྱི་རྫོང་དང་ཆུས་40ལྷག་ཙམ་དུ་བསྐྱོད་ནས། འབྲས་ཤིང་དང་མེ་ཏོག་གི་ཐོན་ཁུངས་ལ་བརྟག་དཔྱད་དང་། ཞོག་ཁོག་གི་ཐོན་ལས་འཕེལ་རྒྱས། ལྗང་མདོག་གི་འགོག་ཟོན་ལག་རྩལ་ཞིབ་འཇུག་སོགས་ཀྱི་ལས་དོན་སྤེལ་བ་དང་། ལོར་གསོ་སྦྱོང་ཐེངས་600ལྷག་ཙམ་བྱས་པར་མི་ཐེངས་ཁྲི་1ལྷག་ཙམ་ཟིན་ནས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་བྱ་གཞག་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
ཞོག་ཁོག་སྣ་ཁ་གསར་པ“མཚོ་སྔོན་གྱི་ཞོག་ཁོག་ཨང་9པའི”མུའུ་རེའི་ཐོན་འབབ་སྤྱི་རྒྱ་5000ལྷག་ཙམ་ཟིན་ནས། ལྗོངས་ཡོངས་ཀྱི་རྫོང་དང་ཆུས་30ལྷག་ཙམ་དུ་དཔེ་སྟོན་འདེབས་འཛུགས་བྱས་ཡོད། ཚ་ཁུལ་སྐྱེ་དངོས་ཚོགས་པས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རྩི་ཤིང་རིགས་2དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རྩི་ཤིང་རིགས་32བསྡུ་རུབ་བྱས་ཡོད།
བོད་ལ་ཡོང་། བོད་ལ་དགའ། བོད་དུ་སྡོད། སྔོ་ཚལ་སུའོ་ཡི་བུད་མེད་ཚན་ཞིབ་ལས་དོན་པས་ལྗོངས་ཡོངས་སུ་ལྡུམ་རའི་སོན་གསར་པ་དང་ལག་རྩལ་གསར་པའི་དཔེ་སྟོན་ས་ཚིགས་50ལྷག་ཙམ་བཙུགས་པ་དང་། རིམ་རྩིས་བརྒྱབ་ན་དཔེ་སྟོན་རྒྱ་ཁྱོན་མུའུ་9621ཟིན་ནས། ཡངས་པའི་ས་མཐོར་སྔོ་ཚལ་དང་ཤིང་འབྲས་མང་པོ་བཏབ་ནས་བོད་ཀྱི་མང་ཚོགས་ལ་ལོ་ལེགས་ཡོང་བའི་རེ་བ་ཆེན་པོ་སྦྱིན་ཡོད།