རྨོད་གཉའ་གཅོག་པའི་མཛད་སྒོ་འཁྲུག་ཆ་དོད། ལོ་ལེགས་འབྲས་བཟང་སྨིན་པའི་རྟགས་སུ་མངོན།
—— གཞིས་རྩེ་གྲོང་ཁྱེར་གྱི་ས་གནས་ཁག་གི་རྨོད་གཉའ་གཅོག་པའི་མཛད་སྒོའི་མཐོང་ཐོས།
ཁང་དམར་རྫོང་གི་དཔྱིད་རྨོད་དཔྱིད་འདེབས་མཛད་སྒོར་ཞིང་པས་ཐོ་ཕྲུག་བཏང་ནས་རྨོད་གཉའ་གཅོག་བཞིན་པ།
ས་དགའ་རྫོང་གི་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོར་ཡུལ་མིས་ཐོ་ཕྲུག་བཏང་ནས་ས་ཞིང་འདེབས་བཞིན་པ།
ས་སྐྱ་རྫོང་གི་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོར་ཡུལ་མི་ཚོས་ཞིང་ལས་ཡོ་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།
ཁང་དམར་རྫོང་གི་བུད་མེད་ཀྱིས་མཆོད་ཆང་འགྱོག་བཞིན་པ།
རིན་སྤུངས་རྫོང་གི་མང་ཚོགས་ཀྱིས་ཆར་ཆུ་དུས་སུ་འབབ་པའི་སྨོན་འདུན་ཞུ་བཞིན་པ།
རྣམ་གླིང་རྫོང་མཁར་རྩེ་ཤང་མཁར་རྩེ་གྲོང་ཚོའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོར་མང་ཚོགས་ཀྱིས་བསང་ཁ་བསང་གསོལ་བྱེད་བཞིན་པ།
བསམ་གྲུབ་རྩེ་ཆུས་ལྷན་ཁྲའུ་ཆེ་གྲོང་ཚོའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོ་འཚོག་ཡུལ་ཡིན་པ།
ངམ་རིང་རྫོང་གི་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོ་འཚོག་ཡུལ་ཡིན་པ།
དཔྱིད་ཟླ་གསུམ་པར་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་མེ་ཏོག་རིམ་བཞིན་བཞད་པ་དང་། རྩི་ཤིང་གི་མྱུ་གུ་སླར་ཡང་འབུས་ཏེ་ས་མཐོའི་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་ས་གནས་ཁག་གི་ཞིང་ནང་དང་མུ་ཁར་ཡང་འཁྲུག་ཆ་དོད་པའི་རྨོད་གཉའ་གཅོག་པའི་མཛད་སྒོ་འཚོགས་ནས་ལོ་གསར་པའི་བདེ་སྐྱིད་འཚོ་བའི་འགོ་དང་པོ་བཙུགས།
ཟླ་3ཚེས་16ཉིན་རྣམ་གླིང་རྫོང་གི་ཤང་དང་གྲོང་རྡལ་ཁག་གི་ཡུལ་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ཤིང་། ཐོ་ཕྲུག་སྟེང་རྒྱལ་དར་དང་ཏང་དར་བཙུགས་པ་དང་། ཆར་ཆུ་དུས་སུ་འབབ་པ་དང་ལོ་ལེགས་ཀྱི་འབྲས་བཟང་འཕྱུར་བའི་ཕྱེ་མར་ཁྱེར་ནས་ཞིང་ནང་དུ་འཛོམས་ལ། ཕན་ཚུན་མཆོད་ཆང་འགྱོག་རེས་བྱས་ནས་མཉམ་དུ་སྲོལ་རྒྱུན་གྱི་རྨོད་གཉའ་གཅོག་པའི་མཛད་སྒོར་ཞུགས་ཏེ་ལོ་གསར་པར་ལོ་ལེགས་ཡོང་བའི་སྨོན་འདུན་ཞུས་ཡོད།
ས་དྲོད་རིམ་བཞིན་སླེབས་པ་དང་སྦྲགས་སྐྱིད་གྲོང་གི་གང་སར་དཔྱིད་རྨོད་དཔྱིད་འདེབས་ཀྱི་ཚ་རླབས་ཤིག་འཕྱུར། ཟླ་3ཚེས་16ཉིན་སྐྱིད་གྲོང་རྫོང་གི་ཤང་དང་གྲོང་རྡལ་ཁག་གི་ཞིང་པ་ཚོས་ཞིང་ལས་ཀྱི་དུས་ཚོད་དམ་འཛིན་གྱིས་ལོ་གསར་པའི་རེ་བའི་ས་བོན་འདེབས་པར་གཞོལ་ནས་གང་སར་དཔྱིད་འདེབས་ཀྱི་རྣམ་པ་གསོན་ཉམས་ལྡན་པ་ཞིག་མངོན།
གཏིང་སྐྱེས་རྫོང་གི་2025ལོའི་རྨོད་གཉའ་གཅོག་པའི་མཛད་སྒོ་འཚོག་ཡུལ་དུ་ལུས་ལ་གཟབ་མཆོར་སྤྲས་པའི་ཡུལ་མི་ཚོས་ཐོང་མཁན་ལ་དཀར་གཙང་མཇལ་དར་བསྒྲོན་ནས་སྲོལ་རྒྱུན་གྱི་སྨོན་ཚིག་ཞུས། མཛད་སྒོ་མཇུག་འགྲིལ་རྗེས། ཚང་མས་སྒོར་གཞས་འཁྲབ་སྟེ་དགའ་སྤྲོའི་སྟངས་སྟབས་དང་སྙན་པའི་འགྱུར་ཁུག་ལས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་བཟང་པོ་མངོན་པར་བྱས་ཡོད།
ཟླ་3ཚེས་16ཉིན་རིན་སྤུངས་རྫོང་གི་ཤང་བརྒྱད་དང་གྲོང་རྡལ་གཅིག་གི་སྲིད་འཛིན་གྲོང་ཚོ(གྲོང་ལྷན)73ཚང་མས་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོ་འཚོགས་ཤིང་། སྲོལ་རྒྱུན་གྱི་རྨོན་མཛོ་དང་དེང་རབས་ཀྱི་ཞིང་ལས་འཕྲུལ་ཆས་གྲལ་སྟར་བསྒྲིགས་ནས། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དེང་རབས་ཅན་གྱི་ཞིང་ལས་ཡར་ངོའི་ཟླ་ལྟར་འཕེལ་བའི་སྟོབས་ཤུགས་ཤིག་མངོན།
ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག་པ་བཞིན། འདི་ལོའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད། གྲོ་མོ་རྫོང་དུད་སྣ་ཤང་ཞིང་འབྲོག་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་ཚན་རིག་དང་མཐུན་པའི་ངང་འཆར་གཞི་བཀོད་དེ་སྔ་སྣུར་ནས་གྲོང་ཚོ(གྲོང་ལྷན)ཁག་ལ་བསྐྱོད་དེ་འདི་ལོར་གྲོང་ཚོ་ཁག་གིས་དཔྱིད་རྨོད་ཀྱི་ནས་སོན་གྲབས་གསོག་བྱས་ཚུལ་དང་ཁྱིམ་ལུད་གསོག་ཚུལ་ཤེས་རྟོགས་བྱས་པ་དང་སྦྲགས། ཤང་ཞིང་འབྲོག་ལས་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱིས་གྲོ་མོ་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་དང་མཉམ་དུ་དུད་སྣ་གྲོང་ཚོར་ཡུལ་མི་རྣམས་ལ་ལུད་སྙོལ་སྟངས་སྦྱོང་བརྡར་བྱས་ཏེ། ཞིང་ཁར་ནུས་ཆེའི་སྐྱེ་ལྡན་ལུད་བརྒྱབ་ནས་ས་རྒྱུའི་སྤུས་ཚད་མཐོ་རུ་བཏང་བ་རེད།
དཔྱིད་ཀྱི་འབྲུ་རྡོག་རེ་རེ་ལས། སྟོན་ཁར་རྡོག་པོ་ཕོན་ཆེན་སྨིན། དཔྱིད་འདེབས་ཀྱི་དུང་བརྡ་དང་པོ་བསྒྲགས་ཟིན་པས། ང་ཚོས་སྟོན་ཁར་གཡུར་ཟའི་འབྲས་བཟང་ཐོབ་རྒྱུའི་རེ་སྒུག་བྱེད།
(པར་ཚང་མ་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་ཁག་གི་མཉམ་འདྲེས་སྨྱན་སྦྱོར་ནས་མཁོ་འདོན་བྱས)