ས་གཞི་གཤིན་པོར་རེ་བའི་ས་བོན་བཏབ།
—— བོད་ཀྱི་ཞིང་ཁུལ་དུ་དཔྱིད་རྨོད་ལས་ལ་བྲེལ་བའི་མཐོང་ཐོས།
ཟླ་3ཚེས་16ཉིན། བོད་ཀྱི་ས་གནས་ཁག་གི་ཞིང་ཁུལ་དུ་གཉའ་གཅོག་མཛད་སྒོ་སྤེལ་བ་དང་། ཞིང་པས་ལུས་ལ་གཟབ་མཆོར་སྤྲས་ཏེ་ཞིང་ནང་དུ་ལས་བྲེལ་ཆེན་པོས་རེ་བའི་ས་བོན་བཏབ་ཅིང་། འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་གི་གཉའ་གཅོག་མཛད་སྒོ་སྤེལ་ཡུལ་ཡིན་པ།
ས་གཞི་ཆེན་པོར་དཔྱིད་ཀྱི་དཔལ་ཡོན་བཞད་ནས་ཁོ་ར་ཁོར་ཡུག་གཉིད་ལས་སད། གངས་ལྗོངས་ས་མཐོའི་ཞིང་ཁུལ་དུ་དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་ལ་བྲེལ་ཞིང་། ཞིང་ནང་དུ་འཕྲུལ་ཆས་ཀྱི་འུར་སྒྲ་གྲགས་པ་དང་གང་ས་ནས་ཞིང་པ་རྣམས་ལས་ལ་བརྩོན་པའི་གཟུགས་བརྙན་མཐོང་རྒྱུ་ཡོད་པ་དང་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་མངོན།
ཟླ་3ཚེས་16ཉིན། བོད་ལྗོངས་ལྷ་ས་དང་། ལྷོ་ཁ། གཞིས་རྩེ་སོགས་ཀྱི་ཞིང་ཁུལ་དུ་ལོ་ངོ་སྟོང་ཕྲག་རྒྱུན་འཛིན་བྱས་པའི་སྲོལ་རྒྱུན་གྱི་གཉའ་གཅོག་མཛད་སྒོ་འཚོགས་པ་རེད། དེ་ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་དོན་གླིང་གྲོང་ཚོའི་གྲོང་མིས་གཟབ་མཆོར་ལེགས་པར་སྤྲས་ཏེ་ཞིང་ནང་དུ་འཛོམས་ནས་ལོ་གཅིག་དུས་གཅིག་གི་གཉའ་གཅོག་མཛད་སྒོར་ཞུགས།
མཛད་སྒོ་སྤེལ་ཡུལ་དུ། ཞིང་སྤྱོད་འདྲུད་འཐེན་འཁོར་ལོ་38གྲལ་སྟར་བསྒྲིགས་ནས་བཞག་ཡོད་ཅིང་། ཆུ་ཚོད་11ཙམ་ལ་སྨོན་ཚིག་གི་སྒྲའི་ཁྲོད་དུ་སྣམ་ཆས་དཀར་པོ་སྤྲས་པ་དང་ཞྭ་མོ་ཚེ་རིང་སྐྱིན་ཁེབས་གྱོན་པའི་ཁ་ལོ་བས་འདྲུད་འཐེན་འཁོར་ལོ་ཞིང་ནང་དུ་བཏང་བ་དང་། རྒྱབ་ཏུ་བཏགས་པའི་ལྕགས་གཤོལ་ལས་དགུན་ཉལ་བརྒྱབ་པའི་ས་གཞི་གཉིད་ལས་བསླངས། དེའི་རྗེས་སུ་གཟབ་མཆོར་སྤྲས་པའི་བུད་མེད་ཚོས་རེ་བའི་ས་བོན་གཤོས།
ཟླ་1ཚེས་7ཉིན། བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་དིང་རི་དང་། ལྷ་རྩེ། ས་སྐྱ་སོགས་རྫོང་གི་གྲོང་ཚོ་མང་པོར་གནོད་འཚེ་ཕོག་ཅིང་། དོན་གླིང་གྲོང་ཚོར་མི་སྣ་ཤི་རྨས་བྱུང་མེད་ཀྱང་གྲོང་ཚོ་ཡོངས་ཀྱི་དུད་ཚང་52ནས་41གི་ཁང་པར་གས་སྐྱོན་ཤོར་བ་དང་། ཆུ་རྫིང་དང་ཆུ་ཡུར་སོགས་ཞིང་ལས་སྒྲིག་བཀོད་ལ་གནོད་འཚེ་ཆེ་ཆུང་མི་འདྲ་བ་ཕོག་ཡོད།
དོན་གླིང་གྲོང་ཚོའི་ལོ་བདུན་ཅུར་སླེབས་པའི་གྲོང་མི་ཉི་མའི་ཁྱིམ་ལ་རྨོ་ཞིང་མུའུ་60ལྷག་ཙམ་ཡོད་ཅིང་། གཉའ་གཅོག་མཛད་སྒོའི་ཉིན་མོར་ཁོང་ཡང་དེ་གར་སླེབས། ཉི་མས“ས་ཡོམ་བརྒྱབ་རྗེས་སྲིད་གཞུང་གིས་འཕྲལ་དུ་ང་ཚོར་རོགས་སྐྱོར་དངོས་ཟོག་སྤྲད་པ་དང་། ད་ལྟའང་ད་དུང་རིན་པ་མི་དགོས་པར་ནས་སོན་དང་རྫས་ལུད་སྤྲད་བྱུང་བས་འཚོ་བར་རེ་བས་ཁེངས་ཡོད”ཅེས་བཤད།
ལྷ་རྩེ་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་བརྟན་གྱིས། དཔྱིད་རྨོད་དཔྱིད་འདེབས་ལ་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ། ལྷ་རྩེ་རྫོང་གིས་མ་དངུལ་སྒོར་ཁྲི་200བཏང་སྟེ་འཚོ་རྟེན་ལས་སྤྲོད་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གས་སྐྱོན་ཤོར་བའི་ཆུ་ཡུར་དང་ཆུ་རྫིང་ཉམས་བཟོ་བྱས་པ་མ་ཟད། སྐྱེ་ལྡན་ལུད་ཀྱང་ཉོས་ཡོད། མིག་སྔའི་བར། ཆུ་རྫིང་14དང་ཆུ་ཡུར་སྤྱི་ལེ་10ཉམས་བཟོ་བྱས་ཟིན་པ་དང་། སྐྱེ་ལྡན་ལུད་ཏུན་2365ཉོས་ཟིན་པ། ནས་སོན་ཏུན་1600ནང་ཁུལ་དུ་སྙོམ་སྒྲིག་བྱས་ཟིན་ཡོད་ཅེས་བཤད།
འདྲུད་འཐེན་འཁོར་ལོས་རྨོད་རྒྱག་ཟིན་རྗེས། ཚང་མ་ཞིང་ཁའི་ནང་དུ་བསྡད་དེ་ཆང་བཏུངས་ནས“ལྷ་རྩེའི་སྟོད་གཞས”འཁྲབ་པ་དང་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་འདུན་ཞུས།
ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་གྲོང་ཚོ་ནི་རོང་ཁུལ་དུ་གནས་ཤིང་། དུད་ཚང་156གི་མི་1890དང་རྨོ་ཞིང་མུའུ་5737ཡོད། “གྲོང་ཚོ་ཡོངས་སུ་གཙོ་བོ་ནས་དང་། གྲོ པད་ཁ་སོགས་འདེབས་པ་དང་ཞིང་འབྲོག་ལས་ནི་མང་ཚོགས་ཀྱི་ཡོང་འབབ་གཙོ་བོ་རེད། ན་ནིང་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.8ལྷག་ཙམ་ཟིན་ཡོད”ཅེས་བྱང་ཁ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་ཚུལ་ཁྲིམས་ཀྱིས་བཤད།
གྲོང་མི་མིག་དམར་གྱི་ཁྱིམ་ལ་ས་ཞིང་མུའུ་50ལྷག་ཙམ་ཡོད་པ་དང་། ཁོང་གིས“ཉེ་བའི་ལོ་ཤས་རིང་ཆུ་ཡུར་ཞིང་ཁའི་རྐ་འགོར་འཁྲིད་པ་མ་ཟད། ད་དུང་གྲོང་ཚོར་རིགས་གཅིག་མཁས་ཅན་ཡོང་ནས་མཛུབ་ཁྲིད་བྱས་པས་ཐོན་འབབ་ལོ་རེ་ལས་ལོ་རེ་ཡག་ཏུ་འགྲོ་ཡི་འདུག གྲོ་དང་ནས་བཏབ་ན་མུའུ་རེར་ཁ་གསབ་ཡོད་པས་ང་ཚོ་སོ་ནམ་པའི་ཧུར་སེམས་ཀྱང་ཆེ་རུ་ཕྱིན་སོང”ཞེས་གསར་འགོད་པར་བཤད།
དཔྱིད་རླུང་ལྡང་བའི་གངས་ལྗོངས་ས་མཐོར་རེ་བའི་ཉམས་སྣང་འཆར་བཞིན་ཡོད།