དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྲིད་གཞུང་གི་ལས་དོན་སྙན་སྒྲོན།

    —— 2025ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-03-19

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ལི་ཆང་།

    འཐུས་མི་རྣམ་པ།

    ད་ལྟ་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཀྱང་དགོངས་འཆར་འདོན་རོགས་ཞུ་རྒྱུ་ཡིན།

    དང་པོ། 2024ལོའི་ལས་དོན་ལ་ཕྱིར་དྲན་བྱེད་པ།

    འདས་ཟིན་པའི་ལོ་གཅིག་རིང་། རང་རྒྱལ་འཕེལ་རྒྱས་བྱུང་རིམ་ནི་སྤྱིར་བཏང་ཞིག་གཏན་ནས་མིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་བྱས་ཡོད། ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱལ་གཅེས་སྤྲོ་སེམས་དང་འབད་འཐབ་སྙིང་སྟོབས་སྐུལ་སློང་ཆེན་པོ་བྱས་ཡོད། ལོ་གཅིག་གི་རིང་། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཇེ་ཆེ་དང་ནང་ཁུལ་གྱི་དཀའ་ངལ་ཇེ་མང་དུ་ཕྱིན་པའི་རྙོག་འཛིང་དང་ཛ་དྲག་ཆེ་བའི་དུས་བབ་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་འབད་འབུངས་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱས་པས། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་ལེགས་གྲུབ་བདེ་བླག་བྱུང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བརྟན་པོ་ཕྱིན་ཡོད། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གོམ་སྟབས་གསར་པ་བརྟན་པོ་སྤོས་པས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ང་ཚོའི་ཆོད་སེམས་དང་གདེང་ཚོད་སྔར་བས་བརྟན་དུ་ཕྱིན་ཡོད།

    “བརྟན་པོའི”རྣམ་པ་སྲ་བརྟན་དང་རྒྱུན་མཐུད་བྱུང་ཡོད། མཚོན་ཚུལ་གཙོ་བོ་ནི་དཔལ་འབྱོར་གཞི་ཁྱོན་བརྟན་པོའི་ངང་རྒྱ་བསྐྱེད་དེ། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་134.9ཟིན་ནས་5%འཕར་བ་དང་། འཕར་ཚད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོའི་མདུན་གྲལ་དུ་སླེབས་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་30%ཙམ་མཐའ་འཁྱོངས་ཐུབ་ཡོད། ལས་ཞུགས་དང་ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་བྱུང་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1256གསར་དུ་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་ཆ་སྙོམས་སུ་5.1%ཡིན་ཞིང་། གྲོང་མིའི་འཛད་སྤྱོད་རིན་གོང་0.2%འཕར་ཡོད། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་བྱུང་སྟེ། ཕྱི་ཕྱོགས་ཚོང་དོན་གྱི་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་བརྟན་ཐོག་ཡར་འཕར་བྱུང་བ་དང་། ཕྱི་དངུལ་གསོག་འཇོག་ཨ་སྒོར་དུང་ཕྱུར་ཁྲི་3.2ལྷག་ཙམ་ཟིན་ཡོད། དམངས་འཚོ་འགན་སྲུང་བརྟན་པོ་བྱུང་སྟེ། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དངོས་སུ་5.1%འཕར་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་རྒན་གསོ། གཞི་རྩའི་སྨན་བཅོས། སྤྱི་ཚོགས་རོགས་སྐྱོབ་སོགས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སེལ་རྒྱུ་གོ་རིམ་ལྡན་པ་དང་ཕན་ནུས་ལྡན་པ་བྱུང་བ་དང་། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད།

    “འཕེལ་བའི”གོམ་སྟབས་བརྟན་པོ་དང་ནུས་ལྡན་བྱུང་ཡོད། མཚོན་ཚུལ་གཙོ་བོ་ནི་ཐོན་ལས་རིམ་སྤོར་ལ་འཕེལ་རྒྱས་གསར་པ་བྱུང་སྟེ། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་1.4ཡི་སྐས་རིམ་གསར་པར་ཐོག་མར་སླེབས་པ་དང་མུའུ་རེའི་ཐོན་ཚད་རྒྱ་མ་10.1འཕར་ཡོད། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་8.9%དང་7.7%སོ་སོར་འཕར་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ལོ་རེའི་ཐོན་ཚད་ཁྲི་1300ལྷག་ཙམ་ཟིན་ཡོད། ཆ་འཕྲིན་བརྒྱུད་གཏོང་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས། བོགས་མར་གཏོང་ལེན་དང་ཚོང་དོན་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་10.9%དང་10.4%སོ་སོར་འཕར་ཡོད། གསར་གཏོད་བྱེད་ནུས་ཆེ་རུ་གསར་པ་ཕྱིན་ཏེ། འདུས་གྲུབ་གློག་ལམ་དང་། མི་ཐབས་རིག་ནུས། ཚད་རྡུལ་ཚན་རྩལ་སོགས་ཁྱབ་ཁོངས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། “ཟླ་བའི་ལྷ་མོ་ཨང་དྲུག་པ”ཡིས་མིའི་རིགས་ཀྱིས་ཟླ་བའི་གོ་ལའི་རྒྱབ་ངོས་ནས་དཔེ་ལེན་ཐོག་མ་བྱས་ནས་ཕྱིར་ལོག་ཐུབ་པ་དང་། “ཕུགས་འདུན”རྟགས་ཅན་གྱི་རྒྱ་མཚོ་ཆེན་པོའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད། ལག་རྩལ་གན་རྒྱའི་ཚོང་འགྲིག་དངུལ་འབོར་11.2%འཕར་ཡོད། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་ལེགས་བཅོས་གསར་པ་བྱུང་སྟེ། ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་ཕྲ་རྡུལ་(PM2.5)གར་ཚད་ཆ་སྙོམས་2.7%ཆག་པ་དང་། གནམ་གཤིས་ཡག་པའི་ཉིན་གྲངས་ཀྱི་བསྡུར་ཚད་87.2%བར་འཕར་ཡོད། ས་ངོས་ཆུ་སྤུས་བཟང་པོའི་བཅད་ངོས་ཀྱི་བསྡུར་ཚད་90.4%བར་མཐོ་རུ་ཕྱིན་ཡོད། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ཚན་རྩིས་ནུས་རྒྱུའི་ཟད་གྲོན་ཆག་ཚད་3%ལྷག་ཙམ་ཟིན་པ་དང་། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་སྒྲིག་སྦྱོར་འཕྲུལ་འཁོར་ཆན་ཝ་དུང་ཕྱུར་3.7གསར་སྣོན་བྱུང་ཡོད། སྒྱུར་བཅོས་སྒོ་དབྱེར་ཚད་བརྒལ་གསར་པ་བྱུང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་སྒྱུར་བཅོས་བཀོད་སྒྲིག་དོན་འཁྱོལ་ནུས་ལྡན་ཏན་ཏིག་བྱས་པ་དང་། སྒྲིག་གཞི་སྒྱུར་བཅོས་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་པ་དང་། ལས་འཁྱུར་ངལ་གསོའི་ཁྲིམས་བཀོད་ལོ་ཚད་རིམ་བཞིན་ཕྱིར་འགྱངས་བྱེད་པ་སོགས་ཀྱི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་གཅིག་རྗེས་གཉིས་མཐུད་དུ་བཏོན་པ། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་དངུལ་ཞུགས་འཐུས་ཚོད་འཛིན་བྱེད་ཐབས་ཚང་མ་མེད་པར་བཟོས་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཚོང་དོན་མ་འཇོག་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་སྐྱེད་རིམ་སྤོར་བྱས་ཡོད། 

    འདས་ཟིན་པའི་ལོ་གཅིག་ལ་ཕྱིར་དྲན་བྱྱེད་སྐབས། གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན། ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ངན་པ་རྒྱུན་མཐུད་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། རྒྱལ་ནང་དུ་དུས་ཡུན་རིང་པོར་གསོག་འཇོག་ཐེབས་པའི་གཏིང་རིམ་གྱི་གྲུབ་ཆའི་རང་བཞིན་གྱི་འགལ་བ་ཁ་ཤས་གཅིག་སྡུད་ཐོག་མངོན་ཞིང་། ནང་མཁོ་མི་འཕར་བ་དང་། སྔོན་དཔག་ཅུང་ཞན་པ་སོགས་ཀྱི་གནད་དོན་བསྣོལ་མར་གནས་ཡོད། ས་ཁུལ་ཁ་ཤས་སུ་ཆུ་ལོག་དང་ཞོད་སྐྱོན་སོགས་རང་བྱུང་གནོད་འཚེ་ཡང་ཡང་ཐོན་པས། དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་བརྟན་པོ་རྒྱུན་འཁྱོངས་བྱེད་པའི་དཀའ་ངལ་ཆེ་རུ་ཕྱིན་ཡོད། དཀའ་ངལ་དང་འགྲན་སློང་མང་པོའི་མདུན་དུ་ང་ཚོས་གསོག་འབོར་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྤྱི་ཁོག་སྙོམས་སྒྲིག་དུས་ཐོག་ཏུ་ལེགས་སྒྱུར་བྱས་ནས་ཕན་ནུས་ལྡན་པའི་སྒོ་ནས་ཁ་གཏད་ཧུར་ཐག་བཅག་ཡོད། ལྷག་པར་དུ་ཟླ་9ཚེས་26ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་བློ་ཐག་ཆོད་པོས་བཀོད་སྒྲིག་བྱས་པའི་འཕར་འབོར་སྲིད་ཇུས་སྦབ་ཆ་གཅིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། དཔལ་འབྱོར་མངོན་གསལ་དོད་པོས་བསྐྱར་འཕར་ཡོང་བར་སྐུལ་འདེད་བཏང་བས། སྤྱི་ཚོགས་ཀྱི་གདེང་ཚོད་ནུས་ལྡན་ངང་ཆེ་རུ་ཕྱིན་ཞིང་། ལོ་ཧྲིལ་པོའི་དམིགས་ཚད་མངོན་གྱུར་བྱེད་པར་སྐུལ་འདེད་བཏང་ཡོད་ལ། འདི་ལོའི་འཕེལ་རྒྱས་ལའང་རྨང་གཞི་ཡག་པོ་བཏིང་ཡོད། བརྒྱུད་རིམ་འདིའི་ཁྲོད་དུ། ང་ཚོར་དཔལ་འབྱོར་ལས་དོན་ལ་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་བྱུང་ཞིང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པར་སྔར་བས་ངོས་འཛིན་བྱུང་ཡོད་པས། ནུས་ལྡན་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་དང་། སྤྱིའི་འདོན་སྤྲོད་དང་སྤྱིའི་དགོས་མཁོ། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྒུལ་ནུས་རྙིང་པ་གསར་སྒྱུར། འཕར་འབོར་ལེགས་སྒྱུར་དང་གསོག་འབོར་འཁྲུག་གཏོང་། སྤུས་ཚད་མཐོར་གཏོང་དང་སྤྱི་འབོར་ཆེར་སྐྱེད་བཅས་ཀྱི་འབྲེལ་བ་ངེས་པར་དུ་སྤྱི་འདོམས་ཡག་པོ་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་གོང་འོག་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱས་ཚེ། རང་རྒྱལ་གྱི་འཕེལ་རྒྱས་ལ་སྒྲོལ་མི་ཐུབ་པའི་དཀའ་གནད་མེད་པ་ལག་ལེན་ལས་སླར་ཡང་ར་འཕྲོད་བྱུང་ཡོད།

    ལོ་གཅིག་གི་རིང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་མཐར་ཕྱིན་བྱས་ཤིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་། ཏང་གི་འགོ་ཁྲིད་དེ་སྲིད་གཞུང་གི་ལས་དོན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་གཙོ་བོ་གཤམ་གསལ་གྱི་ལས་དོན་ཁག་བསྒྲུབས་ཡོད།

    གཅིག་ནི་ཡུལ་དུས་དང་བསྟུན་ནས་སྤྱི་ཁོག་སྙོམས་སྒྲིག་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ། དཔལ་འབྱོར་བསྐྱར་འཕར་ལེགས་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། ན་ནིང་གི་དུས་ཚིགས་དང་པོར་དཔལ་འབྱོར་འགོ་ཡག་པོ་བརྩམས་ཡོད་མོད། འོན་ཀྱང་རྒྱལ་ཁབ་ཕྱི་ནང་གི་ཕྱོགས་མང་པོའི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། དུས་ཚིགས་གཉིས་པར་སླེབས་རྗེས་དམིགས་ཚད་གཙོ་བོ་བསྟུད་མར་ཆག་པ་དང་། ཆག་པའི་གནོན་ཤུགས་ཆེ་རུ་ཕྱིན་ཡོད། ང་ཚོས་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་གཏད་རང་བཞིན་ལྡན་པའི་སྲིད་ཇུས་ལག་བསྟར་བྱས་ཤིང་། གསོག་འབོར་དང་འཕར་འབོར་སྲིད་ཇུས་དོན་འཁྱོལ་དམ་འཛིན་བྱས་ཏེ། དགོས་མཁོ་ཅུང་མགྱོགས་མྱུར་ངང་བསྐྱར་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། ཐོན་སྐྱེད་འཕར་ཚད་མགྱོགས་སུ་ཕྱིན་པ་དང་། ཁྲོམ་རའི་སྔོན་དཔག་མངོན་གསལ་དོད་པོས་ལེགས་བཅོས་བྱུང་ནས་ལོ་ཧྲིལ་པོའི་དཔལ་འབྱོར་འཁོར་སྐྱོད་ལ་དུས་འགོ་མཐོ་བ་དང་། དུས་འབྲིང་དམའ་བ། དུས་མཇུག་འཕར་བ་བཅས་ཀྱི་རྣམ་པ་ཐོན་ཡོད། ནོར་སྲིད་ཀྱི་དངུལ་ལོར་སྲིད་ཇུས་ལག་བསྟར་ནུས་ལྡན་བྱས་པ་དང་། གཏོང་སྒོའི་གཞི་ཁྱོན་རྒྱ་བསྐྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ནོར་ཤུགས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། བཅོལ་དངུལ་གྲབས་གསོག་བྱེད་ཚད་དང་སྲིད་ཇུས་ཀྱི་སྐྱེད་ཚད་ཐེངས་གཉིས་ཕབ་པ་དང་། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་སྔར་བས་དམའ་རུ་བཏང་ཡོད། ཕན་ནུས་ལྡན་པའི་དགོས་མཁོ་རྒྱ་སྐྱེད་གཏོང་བར་དམིགས་ནས“གནད་གཉིས”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། “གསར་གཉིས”ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ། སྒྲིག་ཆས་ཉོ་སྒྲུབ་ཐད་མ་དངུལ་འཇོག་གྲངས་15.7%འཕར་བ་དང་། ཁྱིམ་སྤྱོད་གློག་ཆས་རིགས་ཀྱི་ཚོང་ཟོག་སིལ་འཚོང་དངུལ་འབོར་12.3%འཕར་ཡོད། ས་ཁང་ཐོན་ལས་ཁྲོམ་ར་ཆག་ཆད་བསྐྱར་འཕར་ཡོང་བར་སྐུལ་འདེད་བཏང་སྟེ། སྡོད་ཁང་དངུལ་བུན་གྱི་སྐྱེད་ཚད་དང་ཐོག་མའི་གཏོང་སྤྲོད་བསྡུར་ཚད་དམའ་རུ་བཏང་བ་དང་། གྲོང་མིའི་གསོག་འབོར་ཁང་བུན་གྱི་སྐྱེད་ཀའི་ལོ་རེའི་གཏོང་སྒོ་ཧ་ལམ་སྒོར་དུང་ཕྱུར་1500ཙམ་ཉུང་དུ་བཏང་ཡོད། ཉོ་ཚོང་ལྷུ་ཚིགས་ཀྱི་ཁྲལ་གྲོན་ཆུ་ཚད་དམའ་རུ་བཏང་བ་དང་། སྤྲོད་ངེས་ཁང་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། མ་རྩའི་ཁྲོམ་ར་བརྟན་དུ་བཏང་བ་དང་། རྨང་གཞིའི་རང་བཞིན་གྱི་ལམ་ལུགས་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་བ། བརྗེ་རེས་སྟབས་བདེ་དང་། ཕྱིར་ཉོ་འཕར་འཛིན་གྱི་དངུལ་བུན་བསྐྱར་མ་སོགས་ཀྱི་ལག་ཆ་གསར་འཛུགས་བྱས་པས་ཁྲོམ་རའི་འཁྲུག་ཆ་ཆེ་རུ་ཕྱིན་ཡོད། ས་གནས་ཀྱི་ཆེད་དམིགས་བུ་ལོན་བཅད་གྲངས་ཐེངས་གཅིག་ལ་སྒོར་དུང་ཕྱུར་ཁྲི་6མང་དུ་བཏང་ནས་གསོག་འབོར་མངོན་མེད་བུ་ལོན་ལ་བརྗེ་ལེན་བྱས་པ་དང་། ས་གནས་ཀྱི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་སྒྱུར་བཅོས་གྱི་ཉེན་ཁ་སེལ་བར་སྐུལ་འདེད་བརྟན་པོ་བཏང་ཡོད།

    གཉིས་ནི་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་ཡོད། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་རར་འགོག་རྐྱེན་བཟོ་བའི་གཏན་འབེབས་དང་སྒྲུབ་སྟངས་གཙང་བཤེར་དང་རྩིས་མེད་དུ་བཏང་ཞིང་། དྲང་སྙོམས་འགྲན་རྩོད་ཀྱི་ཞིབ་བཤེར་སྲོལ་ཡིག་གཏན་འབེབས་དང་ལག་བསྟར་བྱས་པ་དང་། ས་གནས་ཀྱི་ཚོང་འགུགས་མ་འདྲེན་ཚད་ལྡན་དུ་གཏོང་བའི་བྱ་ཐབས་བཏོན་ཡོད། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་རྒྱུན་མཐུད་ལེགས་སུ་བཏང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་བཅའ་ཁྲིམས་མ་ཟིན་གྲོས་ཞིབ་གནང་རྒྱུར་ཕུལ་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ལེགས་སུ་བཏང་ཡོད། ཕྱི་ཕྱོགས་ཚོང་དོན་གྱི་འཕར་གཞི་གསར་པ་རྒྱ་སྐྱེད་ཧུར་ཐག་བཏང་བ་དང་། ཕྱིར་གཏོང་ནང་འདྲེན་གྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ། ཕྱི་ཕྱོགས་ཚོང་དོན་གྱིས་དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཤུགས་སྔར་བས་ཆེ་རུ་བཏང་ཡོད། རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་གྱི་ལྡོག་ཕྱོགས་གསལ་ཐོ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། གནས་ཐང་འཕར་བའི་གློག་འཕྲིན་དང་། སྐྱེ་དངོས་ལག་རྩལ། མ་དངུལ་ཁེར་འཇོག་སྨན་ཁང་བཅས་སྒོ་དབྱེ་ཚོད་ལྟ་བྱས་ཡོད། ཕྱོགས་རྐྱང་སྒོ་མོ་འབྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་དར་རྒྱས་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་ཐོན་རྫས་ཚང་མར་ཕྱོགས་ཡོངས་ནས་སྒོ་ཁྲལ་མེད་པའི་ཐོབ་ཐང་སྤྲད་ཡོད། ཕྱོགས་རྐྱང་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་བཏང་བ་དང་། རྒྱལ་ཁོངས་བརྒྱུད་པར་ཐོངས་མཆན་འགོད་མི་དགོས་པར་མངའ་ཁོངས་ནང་དུ་སྡོད་ཆོག་པའི་དུས་ཚོད་ཆུ་ཚོད་240བར་རིང་དུ་བཏང་བས། རྒྱལ་ཁོངས་སུ་ཡོང་མཁན་ཡུལ་སྐོར་བ་རྒྱུན་མཐུད་མང་དུ་ཕྱིན་ཡོད། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ལས་གྲྭ་གལ་ཆེན་དང་དམངས་འཚོའི་ལས་གཞི་ཁག་གཅིག་ལག་བསྟར་བརྟན་པོ་བྱས་ཡོད།

    གསུམ་ནི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཐོན་ལས་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་དམིགས་ལས་གཞི་གལ་ཆེན་ལག་བསྟར་བྱེད་འགོ་ཚུགས་པ། ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་བ། རྩེར་སོན་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། བཟོ་ལས་དཔལ་འབྱོར་འཁོར་སྐྱོད་བརྟན་དུ་བཏང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། བཟོ་སྐྲུན་ལས་རིགས་ལ་མ་དངུལ་འཇོག་གྲངས་9.2%འཕར་ཡོད། རྒྱལ་ཁབ་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་ཁག་གཅིག་གསར་དུ་སྐྱེད་སྲིང་བྱས་ཏེ། ཚོང་ལས་མཁའ་སྐྱོད་དང་། བྱང་སྐར་ཉེར་སྤྱོད། གསོག་ནུས་དཔེ་གསར་སོགས་གསར་དར་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ཁོར་ཡུག་སྲུང་སྐྱོང་དང་བདེ་འཇགས་སོགས་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་གཏན་འབེབས་དང་བཟོ་བཅོས་བྱས་ཡོད། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་འཕར་ཐང་གིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་བཟུང་བའི་བསྡུར་ཚད་10%ཙམ་ཟིན་ཡོད།

    བཞི་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ། དཔལ་འབྱོར་གྱི་བཀོད་པ་ལེགས་སུ་བཏང་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་འཐབ་ཇུས་ཀྱི་ལོ་ལྔའི་བྱ་སྤྱོད་འཆར་གཞི་དངོས་སུ་བཏོན་ནས་ལག་བསྟར་བྱས་པ་དང་། གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་67%བར་མཐོ་རུ་བཏང་ཡོད། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞིང་ལས་རྨང་གཞི་བརྟན་དུ་བཏང་བ་དང་། གེགས་འགོག་གེགས་སེལ་དང་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་མཐོ་རུ་བརྟན་པོ་བཏང་ཞིང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་གྲུབ་འབྲས་གསར་པ་ཐོབ་ཡོད། ས་ཁོངས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཁག་གཅིག་བཏོན་པ་དང་། ས་ཁོངས་ཀྱི་ལས་གཞི་གལ་ཆེན་ཁག་གཅིག་ལག་བསྟར་བྱས་པ། གཙོ་ནུས་ཐོན་ཁུལ་གྱི་ལམ་ལུགས་སྲིད་ཇུས་ཆ་ཚང་དུ་བཏང་བ། ས་ཁོངས་མཉམ་འདྲེས་འཕེལ་རྒྱས་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།

    ལྔ་ནི་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཧུར་ཐག་བཏང་སྟེ་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་ཡོད། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་སྤེལ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དངོས་སུ་བཏོན་ཏེ། ཁེ་ལས་ཀྱིས་ལས་ཞུགས་བསྡུ་ལེན་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། མཐོ་སློབ་སློབ་ཐོན་སློབ་མ་དང་། དབུལ་སྒྲོལ་མི་འབོར། ཞིང་པ་ལས་མི་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་བརྟན་པོ་རྒྱུན་འཁྱོངས་བྱས་ཡོད། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མའི་འཚོ་བའི་གསབ་དངུལ་ཚད་གཞི་མཐོ་རུ་བཏང་ཡོད། རྒྱལ་ཁབ་ཀྱི་སྦྱངས་འབྲས་བྱ་དགའ་དང་སློབ་སྐྱོར་རོགས་དངུལ་ཚད་འཕར་ཁྱོན་སྐྱེད་དང་སློབ་རོགས་དངུལ་བུན་གྲངས་སྤར་སྐྱེད་གཅོག་བཏང་བས་སློབ་མ་མི་ཐེངས་ཁྲི་3400ལྷག་ལ་ཕན་པ་ཐོབ་ཡོད། “གཉིས་འཕྲིའི”གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། རྨང་གཞིའི་སློབ་གསོའི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་བཏང་ཡོད། སྨན་བཅོས་སྒྲིག་གཞིས་ཞིབ་བཤེར་དང་བརྟག་དཔྱད་བྱས་འབྲས་ཕན་ཚུན་ཁས་ལེན་བྱེད་པར་སྐུལ་འདེད་བཏང་ཞིང་། གཞི་རིམ་གྱི་གཅོང་ནད་དང་རྒྱུན་ཐོན་ནད་རིགས་ཀྱི་སྨན་གྱི་སྣ་ཁ་ཇེ་མང་དུ་བཏང་ཡོད། གཙོ་གནད་འགོ་ནད་འགོག་བཅོས་ཏན་ཏིག་བྱས་ཡོད། ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་སྒེར་གྱི་རྩིས་ཁྲའི་རོགས་རེས་བྱེད་རྒྱ་ཆེ་རུ་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་འཚོ་དངུལ་དང་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་ཇེ་མཐོར་བཏང་ཡོད། རྒན་གསོའི་ཞབས་ཞུའི་སྒྱུར་བཅོས་ཟབ་ཏུ་བཏང་བ་དང་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་གཏན་འབེབས་བྱས་ཡོད། དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། གཟིགས་སྐྱོང་གསབ་དངུལ་ཚད་གཞི་མཐོ་རུ་བཏང་ཡོད། མ་མཐའི་འཚོ་རྟེན་འགན་སྲུང་གི་ཚད་གཞི་གཏན་འཁེལ་དང་ལེགས་སྒྲིག་བྱེད་པའི་ལམ་སྲོལ་ཆ་ཚང་དུ་བཏང་བ་དང་རོགས་སྐྱོབ་བྱ་ཡུལ་གྱི་ཁྱབ་ཁོངས་རྒྱ་སྐྱེད་བཏང་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་གསབ་དངུལ་སྤྲད་པས་མི་ཁྲི་1100ལྷག་ལ་ཕན་པ་ཐོབ་ཡོད། རྒྱལ་ཡོངས་ཀྱི་ལོ་གསར་དང་དུས་ཆེན་དང་དྲན་གསོའི་ཉིན་མོར་གུང་གསེང་གཏོང་ཐབས་འཐུས་སྒོ་ཚང་དུ་བཏང་ཡོད། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བཏང་བས་རིག་གནས་དང་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་འཁྲུག་ཆ་དོད་དུ་ཕྱིན་ཡོད། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་གྲ་སྒྲིག་དང་སྒྲུབ་གཉེར་ཏན་ཏིག་བྱས་ཤིང་། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་བདེ་བླག་ངང་གཉེར་བ་དང་། རང་རྒྱལ་གྱི་ལུས་རྩལ་པ་རྣམས་ལ་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཐོག་མངའ་ཁོངས་ཕྱིའི་འགྲན་བསྡུར་ལ་ཞུགས་པའི་གྲུབ་འབྲས་ཡག་ཤོས་ཐོབ་ཡོད།

    དྲུག་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་མཐུད་ཤུགས་བརྒྱབ་སྟེ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་ཡོད། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྦགས་བཙོག་དངོས་རིགས་གཙོ་བོ་འབུད་ཚད་མུ་མཐུད་ཆག་ཡོད། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཐང་རྒོད་ཅན་དུ་འགྱུར་བ་དང་བྱེ་འགྱུར་ས་ཞིང་གི་རྒྱ་ཁྱོན་རྒྱུན་མཐུད“གཉིས་ཀ་ཁུ་བསྡུ”བྱུང་ཡོད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་གྲུབ་འབྲས་ཡག་པོ་ཐོབ་ནས་རྩ་ཆེ་སྟོངས་ཉེའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་བརྟན་པོ་འཕར་ཡོད། གཙོ་གནད་ལས་རིགས་ཀྱི་ནུས་བསྲི་ཐཱན་གཅོག་སྒྱུར་བཀོད་ལ་སྐུལ་འདེད་བཏང་བ་དང་། ནུས་རྒྱུ་གསར་པ་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་བཏང་བ། འགྱུར་རྡོ་མིན་པའི་ནུས་རྒྱུའི་གློག་འདོན་ཚད་ཀྱིས་གློག་འདོན་ཚད་བསྡོམས་འབོར་གྱི་40%ཙམ་བཟུང་ཡོད། རྒྱལ་ཡོངས་ཀྱི་དྲོད་ཁང་རླངས་གཟུགས་རང་མོས་འབུད་ཚད་ཉུང་དུ་གཏོང་བའི་ཉོ་ཚོང་ཁྲོམ་ར་སྤྱོད་འགོ་ཚུགས་ཡོད། རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་སྔར་བས་འཁྲུག་པོ་བྱུང་ཡོད།

    བདུན་ནི་སྲིད་གཞུང་འཛུགས་སྐྱོང་དང་བཅོས་སྐྱོང་གསར་གཏོད་ལ་ཤུགས་བརྒྱབ་སྟེ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་མཐའ་འཁྱོངས་བྱས་ཡོད། ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ཤིང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་ཤུགས་ཆེན་བྱས་ཏེ། གཞི་རིམ་གྱི་ཁུར་པོ་དངོས་སུ་ཡང་དུ་བཏང་བ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་བཅོས་སྐྱོང་གཏིང་ཟབ་བྱས་ཤིང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་བྱེད་པར་རྒྱུན་མཐུད་ཤུགས་བརྒྱབ་ཡོད། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བཅའ་ཁྲིམས་ཀྱི་གྲོས་གཞི་ཁག་19གྲོས་ཞིབ་གནང་རྒྱུར་ཕུལ་བ་དང་། སྲིད་འཛིན་ཁྲིམས་སྲོལ་ཁག་28གཏན་འབེབས་དང་དག་བཅོས་བྱས་ཡོད། རང་རྟོགས་ངང་ཁྲིམས་ལྟར་ལྟ་སྐུལ་དང་ལེན་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ནན་ཏན་གྱིས་སྒྲུབ་གཉེར་བྱས་ཡོད། སྲིད་འཛིན་ཁྲིམས་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་ཚད་ལྡན་དུ་བཏང་ཡོད། “ནུས་ཆེའི་སྒོ་ནས་དོན་དག་གཅིག་སྒྲུབ་ཐུབ་པའི”གཙོ་གནད་དོན་ཚན་གྱི་གསལ་ཐོ་ཁག་གཉིས་བཏོན་ནས་དྲ་ཐོག་དང་དྲ་ཕྱིའི་ཞབས་ཞུའི་ནུས་པ་སྤྱི་ཡོངས་ནས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་བྱས་ཡོད། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་ཡོད། འགལ་བ་དང་རྩོད་གཞི་གྲལ་བཤེར་འདུམ་སེལ་བྱེད་པར་ཤུགས་བརྒྱབ་པ་དང་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་བཏང་ཡོད། འཕྲལ་བསྟུན་དོ་དམ་དང་བདེ་འཇགས་ཐོན་སྐྱེད་ལ་ཤུགས་བརྒྱབ་པ་དང་སོལ་རླངས་དང་གློག་སྒུལ་རྐང་འཁོར་སོགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མུ་ཕྲེང་ཧྲིལ་པོ་ཆེད་དམིགས་བཅོས་སྒྲིག་བྱས་ཡོད། ཆུ་ལོག་དང་ཞོད་སྐྱོན་དང་། རྒྱ་མཚོའི་རླུང་འཚུབ། ས་ཡོམ་སོགས་རང་བྱུང་གནོད་འཚེ་འགོག་ཟོན་ནུས་ལྡན་བྱས་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད། ཐལ་སྐྱོད་གྱོད་གཞི་དང་དོན་རྐྱེན་ཐོན་རྒྱུ་ནན་འགོག་བྱས་པ་དང་། ཉེས་གསོག་ཚབས་ཆེན་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཡོད།

    འདས་ཟིན་པའི་ལོ་གཅིག་ནང་། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་རྣམ་པ་གསར་པ་བཏོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྒྱལ་ཁབ་མང་པོར་འཚམས་འདྲིར་ཕེབས་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས། ཨེ་ཤེ་ཡ་ཤར་མའི་མཉམ་ལས་འགོ་ཁྲིད་པའི་་ཚོགས་འདུ་རབ་དང་རིམ་པ་སོགས་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་བྱེད་སྒོ་གལ་ཆེན་ལ་ཞུགས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ཁག་ལྔ་སྤེལ་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སོགས་བདག་རེས་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་བདེ་བླག་ངང་སྤེལ་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་བ་དང་། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་སྲ་བརྟན་དང་རྒྱ་སྐྱེད་བཏང་བ། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་ཆ་ཆེ་བའི་གནད་དོན་ཐག་གཅོད་བྱེད་སྐབས་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    འདས་ཟིན་པའི་ལོ་གཅིག་རིང་ཐོབ་པའི་གྲུབ་འབྲས་ཀྱི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བར་བརྟེན་པ་ཡིན་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་འབྲས་བུ་ཡིན་པ་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་རེད། ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། དམངས་གཙོ་ཏང་ཤོག་ཁག་དང་། མི་དམངས་ཚོགས་པ་ཁག ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་སྤུན་ཟླ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་ཁག་གི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    གྲུབ་འབྲས་ཁས་ལེན་པ་དང་དུས་མཚུངས་ང་ཚོས་མདུན་དུ་ལྷགས་པའི་དཀའ་ངལ་དང་འགྲན་སློང་ཡང་གསལ་པོར་མཐོང་ཡོད། རྒྱལ་སྤྱིའི་ཆ་ནས་བལྟས་ན། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་བྱུང་བཞིན་ཡོད། ཕྱིའི་ཁོར་ཡུག་དེ་བས་རྙོག་འཛིང་དང་ཛ་དྲག་ཏུ་འགྱུར་བཞིན་ཡོད་པས། རང་རྒྱལ་གྱི་ཚོང་དོན་དང་ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་ལ་ཕོག་ཐུག་དེ་བས་ཆེ་བ་བཟོ་སྲིད། འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ནུས་མི་འདང་བ་དང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཇེ་དྲག་ཏུ་སོང་བ། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་འགོག་རྐྱེན་བྱུང་བ་དང་སྒོ་ཁྲལ་གྱི་བཀག་རྒྱ་མང་དུ་སོང་བ། གོ་ལ་ཧྲིལ་པོའི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་བརྟན་བརླིང་ཡོང་བར་ཕོག་ཐུག་བཏང་བ་བཅས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་རེས་འཁོར་ལ་འགོག་རྐྱེན་བཟོ་གི་ཡོད། ས་འབྲེལ་ཆབ་སྲིད་ཀྱི་ཛ་དྲག་ཆེ་བའི་རྒྱུ་རྐྱེན་སྔར་བཞིན་ཅུང་མང་ཞིང་། གོ་ལ་ཧྲིལ་པོའི་ཁྲོམ་རའི་སྔོན་དཔག་དང་མ་རྩ་འཇོག་པའི་ཡིད་ཆེས་ལ་ཤུགས་རྐྱེན་ཐེབས་པ་དང་། རྒྱལ་སྤྱིའི་ཁྲོམ་རའི་འཕར་ཆག་གི་ཉེན་ཁ་ཇེ་ཆེར་ཕྱིན་ཡོད། རྒྱལ་ནང་གི་ཆ་ནས་བལྟས་ན། དཔལ་འབྱོར་བསྐྱར་འཕར་ལེགས་འགྱུར་གྱི་རྨང་གཞི་ད་དུང་བརྟན་པོ་མེད་ཅིང་། ཕན་ནུས་ལྡན་པའི་དགོས་མཁོ་མི་འདང་བ་དང་། ལྷག་པར་དུ་འཛད་སྤྱོད་བྱེད་ཤུགས་ཆུང་བ་ཡོད། ཁེ་ལས་ཁག་གཅིག་གི་ཐོན་སྐྱེད་གཉེར་སྐྱོང་ལ་དཀའ་ངལ་ཡོད་པ་དང་། རྩིས་དངུལ་འགྱངས་ཆད་ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་ཙམ་ཡོད། མང་ཚོགས་ལ་ལས་ཞུགས་འབབ་འཕར་གྱི་གནོན་ཤུགས་འཕྲད་ཡོད། དམངས་འཚོའི་ཁྱབ་ཁོངས་སུ་ཞན་ཆ་ཡོད། ས་གནས་ཁ་ཤས་ཀྱི་གཞི་རིམ་ནོར་སྲིད་ལ་དཀའ་ངལ་ཡོད། སྤྱི་ཚོགས་ཀྱི་འགལ་བ་འདུམ་སེལ་དང་ཉེན་ཁ་འགོག་ཟོན་གྱི་ལས་དོན་ལ་ད་དུང་ཤུགས་རྒྱག་དགོས། སྲིད་གཞུང་གི་འཇོན་ནུས་དང་ཁྲིམས་ལྟར་སྲིད་འཛིན་བྱེད་ནུས་ཆེ་རུ་གཏོང་དགོས། ལས་དོན་ཁ་ཤས་མཐུན་སྦྱོར་གཞོགས་འདེགས་བྱས་པ་མི་འདང་ལ། སྲིད་ཇུས་ཁ་ཤས་དོན་ཐོག་ཏུ་འཁྱོལ་རྒྱུ་ཅུང་དལ་བ་དང་། ཕན་འབྲས་སྔོན་དཔག་ལས་ཆུང་བ་ཡོད། སྡེ་ཚན་ཁ་ཤས་ཀྱི་ཞབས་ཞུའི་འདུ་ཤེས་མི་ཆེ་བ་དང་། བྱ་བ་སྒྲུབ་པའི་ལས་ཆོད་ཆེན་པོ་མེད། ལས་བྱེད་པ་ཁ་ཤས་ལ་དགོས་པའི་ལས་མི་བྱེད་པ་དང་། མི་དགོས་ལས་རྙོག་བཟོ་བ། བྱ་བ་སྒྲུབ་མི་མཁས་པ་བཅས་ཀྱི་གནས་ཚུལ་བྱུང་ཞིང་། ཁྱབ་ཁོངས་དང་ས་གནས་ཁ་ཤས་སུ་རུལ་སུངས་ཀྱི་གནད་དོན་སྔར་བཞིན་མང་པོ་ཐོན་གི་འདུག ང་ཚོས་དཀའ་ངལ་དང་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་དགོས་ལ་འཕེལ་རྒྱས་ཀྱི་ཡིད་ཆེས་དེ་བས་ཀྱང་བརྟན་དུ་གཏོང་དགོས། རང་རྒྱལ་ལ་ལམ་ལུགས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ལྡན་ཡོད། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་དང་། ཆ་ཚང་བའི་ཐོན་ལས་མ་ལག ཕུན་སུམ་ཚོགས་པའི་མི་ཤུགས་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་སོགས་ལེགས་ཆའི་ཆ་རྐྱེན་མང་པོ་ཡོད་པ་དང་། ཡུན་རིང་གི་འཆར་འགོད་དང་། ཚན་རིག་དང་མཐུན་པའི་ཚོད་འཛིན། གོང་འོག་མཐུན་སྦྱོར་བཅས་ཀྱི་བཅོས་སྐྱོང་ལམ་སྲོལ་ནུས་ལྡན་ཡོད་པ། དགོས་མཁོ་རིམ་སྤོར་དང་། གྲུབ་ཆ་ལེགས་སྒྱུར། སྒུལ་ནུས་བརྗེ་སྒྱུར་བཅས་ཀྱི་འཕར་འབོར་བར་སྟོང་རྒྱ་ཆེན་པོ་ཡོད། དཔལ་འབྱོར་ཡུན་རིང་ལེགས་འགྱུར་ཡོང་བའི་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་ལ་འགྱུར་ལྡོག་ཀྱང་འགྲོ་མི་སྲིད་པས། རང་རྒྱལ་གྱི་དཔལ་འབྱོར་གྲུ་གཟིངས་རླུང་བརྟེན་རླབས་གཤག་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་ངེས་རེད།

    གཉིས་པ། 2025ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་འཛིན་ཕྱོགས།

    འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན། སྲིད་གཞུང་གི་ལས་དོན་ལེགས་པར་སྒྲུབ་པར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པ་བཅས་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་དེ་བས་གཅིག་འདོམས་ཡག་པོ་བྱེད་པ་དང་། དེ་བས་ཧུར་བརྩོན་དོན་ལྡན་གྱི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱས་ཏེ། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཁང་ཁྲོམ་དང་མ་རྐང་ཁྲོམ་ར་བརྟན་དུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་ཕྱིའི་ཕོག་ཐུག་འགོག་ཟོན་དང་འདུམ་སེལ་བྱེད་དགོས། སྔོན་དཔག་བརྟན་དུ་གཏོང་བ་དང་གསོན་ཤུགས་སྐུལ་སློང་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་བསྐྱར་འཕར་ལེགས་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་མཐའ་འཁྱོངས་བྱེད་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་འདིང་དགོས།

    འདི་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་5%ཙམ་འཕར་བར་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་5.5%ཙམ་ཟིན་པར་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1200ཡན་གསར་དུ་འཕར་བ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་2%ཙམ་ཚོད་འཛིན་བྱེད་རྒྱུ། གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གོམ་སྟབས་གཅིག་མཚུངས་བྱེད་རྒྱུ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ་རྒྱུན་འཁྱོངས་བྱེད་རྒྱུ། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་1.4ཙམ་ཟིན་རྒྱུ། རྩིས་གཞིའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་རྒྱུ་ཟད་གྲོན་3%ཙམ་ཆག་རྒྱུ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་རྒྱུ་བཅས་རེད།

    གོང་གསལ་སྔོན་དཔག་དམིགས་ཚད་བཏོན་པ་ནི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་དང་ཕྱོགས་གང་ཅིའི་ཐད་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་པ་དང་། དགོས་མཁོ་དང་འབྱུང་སྲིད་པ་གཉིས་ཀར་ལྟ་རྟོག་བྱས་ཡོད། དཔལ་འབྱོར་འཕར་སྣོན་ཡོང་བའི་སྔོན་དཔག་དམིགས་ཚད་5%ཙམ་ཡིན་པ་དེ་ནི་ལས་ཞུགས་བརྟན་པོ་དང་། ཉེན་ཁ་སྔོན་འགོག དམངས་འཚོར་ཕན་པ་བཅས་ཀྱི་དགོས་མཁོ་ཡིན་པ་མ་ཟད། དཔལ་འབྱོར་འཕར་བའི་གཏིང་ཤུགས་དང་ཕན་ཡོད་ཆ་རྐྱེན་གྱི་འདེགས་སྐྱོར་ཡང་ཡོད་ཁར། དུས་ཡུན་འབྲིང་རིང་གི་འཕེལ་རྒྱས་དམིགས་ཚད་ལའང་སྦྲེལ་མཐུད་བྱས་ཏེ། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། འབད་འབུངས་དོན་ལྡན་གྱི་ཁྲིད་ཕྱོགས་མངོན་གསལ་དོད་པོ་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་5.5%ཙམ་ཟིན་པར་བྱས་པ་དེས་ལས་ཞུགས་བསྡོམས་འབོར་དང་གྲུབ་ཆའི་རང་བཞིན་གྱི་འགལ་བ་སྔར་བས་འབུར་ཐོན་ཡིན་པའི་རྒྱབ་ལྗོངས་འོག ལས་ཞུགས་བརྟན་པོ་ཡོང་ཤུགས་ཆེ་རུ་གཏོང་བའི་བླང་བྱ་མཚོན་ཡོད། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་2%ཙམ་ཟིན་པ་དེའི་དམིགས་ཡུལ་ནི་སྲིད་ཇུས་དང་སྒྱུར་བཅོས་ཁག་གི་ཐུན་མོང་གི་ནུས་པ་ར་བརྟེན་ནས། འདོན་སྤྲོད་དང་དགོས་མཁོའི་འབྲེལ་བ་ལེགས་བཅོས་བྱས་ཏེ། རིན་གོང་གི་སྤྱིའི་ཆུ་ཚད་དེ་ལུགས་མཐུན་གྱི་བར་མཚམས་སུ་གནས་རྒྱུ་དེ་ཡིན། དམིགས་ཚད་འདི་དག་མངོན་འགྱུར་བྱེད་པ་ནི་ལས་སླ་མོ་ཞིག་མིན་པས། ངེས་པར་དུ་དཀའ་སྤྱད་འབད་བརྩོན་བྱེད་དགོས།

    ང་ཚོས་བརྟན་ཐོག་ཡར་འཕེལ་དང་། འཕེལ་ངོས་བརྟན་སྐུལ། བདེན་སྲུང་གསར་གཏོད། སྔོན་འཛུགས་རྗེས་གཏོར། མ་ལག་འདུས་གྲུབ། མཐུན་སྦྱོར་གཞོགས་འདེགས་བཅས་རྒྱུན་འཁྱོངས་བྱེད་པ་དང་། སྲིད་ཇུས་ཡོ་བྱད་སྒམ་ཆུང་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། དུས་བབ་ཀྱི་འགྱུར་ལྡོག་དང་བསྟུན་ནས་སྲིད་ཇུས་འགུལ་རྣམ་ལེགས་སྒྲིག་བྱས་ཏེ། སྤྱི་ཁོག་སྙོམས་སྒྲིག་གི་སྔོན་མཐོང་རང་བཞིན་དང་། དམིགས་གཏད་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་གཏོང་དགོས། དམིགས་ཚད་ཀྱི་སྣེ་ཁྲིད་ལ་མཐོང་ཆེན་དང་། སྲིད་ཇུས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ། གོ་སྐབས་འཛིན་ཤུགས་ལ་དང་དོད། མ་ལག་གི་བསམ་གཞིག་ལ་ཤུགས་རྒྱག་པ་བཅས་བྱས་ནས་སྤྱི་ཁོག་སྲིད་ཇུས་ལག་བསྟར་གྱི་ནུས་ཕྱོད་ཆེ་རུ་གཏོང་དགོས།

    དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱེད་དགོས། ཡོང་འབབ་དང་བུན་འཛིན་སོགས་ནོར་སྲིད་མ་དངུལ་རིགས་ཁག་གཅིག་འདོམས་ཀྱིས་བཀོད་སྒྲིག་བྱས་ཏེ། ནོར་སྲིད་སྲིད་ཇུས་ཀྱིས་རྒྱུན་མཐུད་ངང་ཤུགས་རྒྱག་པ་དང་། སྔར་བས་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱེད་དགོས། འདི་ལོའི་མཚལ་ཡིག་གི་ཚད་4%ཙམ་བཀོད་སྒྲིག་བྱེད་རྩིས་ཡོད་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1མཐོ་རུ་བཏང་བ་དང་། མཚལ་ཡིག་གི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་5.66ཡིན་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་ཁྲི་1.6འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་29.7ཡིན་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་ཁྲི་1.2འཕར་ཡོད། ཚད་བརྒལ་ཡུན་རིང་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་ཁྲི་1.3འགྲེམ་སྤེལ་བྱེད་རྩིས་ཡོད་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་3000འཕར་ཡོད། དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་5000འགྲེམ་སྤེལ་བྱེད་རྩིས་ཡོད་ཅིང་། དེས་གཞུང་ཁོངས་ཚོང་ལས་དངུལ་ཁང་ཆེ་གྲས་ལ་མ་རྩ་གསབ་སྣོན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་སྒོར་དུང་ཕྱུར་ཁྲི་4.4བཀོད་སྒྲིག་བྱེད་རྩིས་ཡོད་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་5000འཕར་ཡོད། དེ་དངུལ་གཏོང་འཛུགས་སྐྲུན་དང་། ས་ཆ་བསྡུ་ཉར་དང་བསགས་འབོར་ཚོང་ཟོག་ཁང་པ་ཉོ་སྒྲུབ། ས་གནས་སྲིད་གཞུང་གིས་ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་བྱས་པར་སྤྲོད་པ་སོགས་ཀྱི་ཐད་གཙོ་བོར་སྤྱོད་རྒྱུ། འདི་ལོ་སྲིད་གཞུང་གི་བུ་ལོན་སྤྱིའི་གཞི་ཁྱོན་གྱི་བསྡོམས་གྲངས་སྒོར་དུང་ཕྱུར་ཁྲི་11.86གསར་སྣོན་བྱས་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་ཁྲི་2.9འཕར་ཡོད་པས། ནོར་སྲིད་ཀྱི་གཏོང་སྒོའི་ཤུགས་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། མ་དངུལ་ཁག་མགྱོགས་མྱུར་གཤམ་སྤྲོད་བྱས་ནས་གཏོང་སྒོ་དངོས་གང་མགྱོགས་ཆགས་པར་བྱེད་དགོས། གཏོང་སྒོའི་གྲུབ་ཆ་རྒྱུན་མཐུད་ལེགས་སྒྱུར་བྱེད་པ་དང་། དམངས་འཚོར་ཕན་པ་དང་། འཛད་སྤྱོད་ལ་སྐུལ་འདེད། གཏིང་ཤུགས་ཆེ་རུ་གཏོང་བ་བཅས་ལ་སྔར་བས་མཐོང་ཆེན་བྱས་ཏེ་མ་དངུལ་སྤྱད་པའི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ལ་སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་དཀའ་ངལ་ཡོད་པའི་ས་ཁུལ་དང་དར་རྒྱས་འགོར་བའི་ས་ཁུལ་ལ་ཕྱོགས་དགོས། རིམ་དབྱེ་འགན་སྲུང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། གཞི་རིམ་གྱི“འགན་གསུམ”གྱི་མཐའ་ཚད་དམ་པོར་སྲུང་དགོས། སྲིད་གཞུང་གིས་གྲོན་ཆུང་ངང་འཚོ་བ་སྐྱེལ་བ་རྒྱུན་འཁྱོངས་བྱེད་པ་དང་། ནོར་སྲིད་ལ་ཚན་རིག་དང་མཐུན་པར་དོ་དམ་བྱེད་པར་སྐུལ་འདེད་བཏང་སྟེ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། རྒྱས་སྤྲོས་ཆུད་ཟོས་བྱེད་རིགས་གཏན་འགོག་བྱས་ཏེ། མ་དངུལ་སྔར་ལས་མང་བ་འཕེལ་རྒྱས་ཀྱི་དགོས་མཁོ་དང་དམངས་འཚོའི་རེ་ལྟོས་སྐོང་བའི་ཐད་ལ་སྤྱོད་དགོས།

    ལྷུག་པོ་འོས་འཚམ་གཏོང་བའི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་དགོས། དངུལ་ལོར་སྲིད་ཇུས་ཡོ་བྱད་ཀྱི་སྤྱི་འབོར་དང་གྲུབ་ཆའི་བྱེད་ནུས་ཉིས་བརྩེགས་འདོན་སྤེལ་ཡག་པོ་དང་། དུས་བསྟུན་གྲབས་གཅོག་སྐྱེད་གཅོག འཁོར་རྒྱུག་རང་བཞིན་འདང་ངེས་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་མ་དངུལ་སྡུད་པའི་གཞི་ཁྱོན་དང་། དངུལ་ལོར་འདོན་སྤྲོད་བྱེད་ཚད་འཕར་བ་དེ་དཔལ་འབྱོར་འཕར་སྣོན་དང་རིན་གོང་གི་སྤྱིའི་ཆུ་ཚད་ཀྱི་སྔོན་དཔག་དམིགས་ཚད་དང་ཕན་ཚུན་འཚམ་མཐུན་ཡོང་བར་བྱེད་དགོས། གྲུབ་ཆའི་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཡོ་བྱད་ལེགས་སྒྱུར་དང་གསར་གཏོད་བྱེད་དགོས། ཤུགས་ཚད་སྔར་བས་ཆེན་པོས་ཁང་ཁྲོམ་དང་མ་རྐང་ཁྲོམ་ར་སྐྱོན་བྲལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་། ལྗང་མདོག་འཕེལ་རྒྱས། འཛད་སྤྱོད་ཆེར་སྐྱེད་བཅས་དང་དེ་བཞིན་དམངས་གཉེར་དང་ཕྲན་ཚེགས་ཁེ་ལས་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་འདྲེན་བྱེད་ལམ་སྔར་བས་གཤོང་བ་དང་། སྐྱེད་ཚད་གྲུབ་པ་དང་བརྒྱུད་འདྲེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དངུལ་བུན་རྙིང་པ་མ་འཇལ་བར་མུ་མཐུད་དངུལ་བུན་གསར་པ་གཡོར་བའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། དངུལ་སྡུད་རྟོན་སྐྱེད་དང་ཉེན་ཁ་མཉམ་འཁུར་སོགས་ཀྱི་རྒྱབ་སྐྱོར་བྱེད་ཐབས་ཤུགས་ཆེར་གཏོང་དགོས། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་དངུལ་སྡུད་ཀྱི་མ་གནས་ཆག་པར་སྐུལ་འདེད་གཏོང་བ་དང་། དངུལ་རྩའི་ཞབས་ཞུའི་དངུལ་བུན་ལོན་ཐུབ་པའི་རང་བཞིན་དང་སྟབས་བདེར་འགྱུར་ཚད་མཐོ་རུ་གཏོང་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་དེ་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་དབྱང་དངུལ་ཁང་གི་སྤྱི་ཁོག་གཟབ་ནན་དང་དངུལ་རྩ་བརྟན་བརླིང་གཏོང་བའི་བྱེད་ནུས་རྒྱ་སྐྱེད་གཏོང་བ་དང་། དངུལ་རྩའི་ཡོ་བྱད་གསར་གཏོད་བྱས་ནས། དངུལ་རྩའི་ཁྲོམ་རའི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།

    སྤྱི་ཁོག་སྲིད་ཇུས་ཀྱི་དམངས་འཚོའི་ཁྲིད་ཕྱོགས་ཤུགས་ཆེར་གཏོང་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དཔལ་འབྱོར་སྲིད་ཇུས་ཀྱི་ཤུགས་རྒྱག་ས་དེ་དམངས་འཚོར་ཕན་འདོགས་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་བསྒྱུར་གང་ཐུབ་བྱས་ནས། འཛད་སྤྱོད་ཆེར་སྐྱེད་ལ་བརྟེན་ནས་དཔལ་འབྱོར་རེས་འཁོར་ཐོགས་མེད་ཡོང་བར་བྱེད་པ་དང་། འཛད་སྤྱོད་རིམ་སྤོར་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་སྣེ་ཁྲིད་བྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རིང་དཔལ་འབྱོར་གྱི་འཕར་གཞི་གསར་པ་གཏོད་དགོས། མ་དངུལ་ཐོན་ཁུངས་དེ་བས་མང་པོས“མི་ལ་མ་དངུལ་གཏོང་བ”དང་དམངས་འཚོར་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་དགོས་པ་དང་། ལས་ཞུགས་རྒྱ་སྐྱེད་དང་། གྲོང་མིའི་ཡོང་འབབ་འཕར་སྣོན་དང་ཁུར་པོ་ཡང་དུ་གཏོང་བར་སྐུལ་སྤེལ། འཛད་སྤྱོད་ལ་སྐུལ་ལྕག་གཏོང་བར་ཤུགས་རྒྱག་པ་བཅས་ལ་རྒྱབ་སྐྱོར་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ཀྱི་རེས་འཁོར་བཟང་པོ་ཆགས་པར་བྱེད་དགོས།

    སྲིད་ཇུས“ཐབས་མང་མཉམ་སྤྱོད”ཡག་པོ་བྱེད་དགོས། ནོར་སྲིད་དང་། དངུལ་ལོར། ལས་ཞུགས། ཐོན་ལས། ས་ཁོངས། ཚོང་དོན། ཁོར་ཡུག་སྲུང་སྐྱོང་། ལྟ་འདོམས་སོགས་ཀྱི་སྲིད་ཇུས་མཐུན་སྦྱོར་དང་དེ་བཞིན་སྒྱུར་བཅོས་སྒོ་འབྱེ་བྱེད་ཐབས་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་བརྒྱབ་ནས། སྲིད་ཇུས་ཀྱི་མཉམ་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཁོག་སྲིད་ཇུས་འཛིན་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་དཔྱད་དཔོག་བྱེད་པའི་ལས་ཀའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་བེད་སྤྱོད་ཡག་པོ་བྱས་ནས། དཔལ་འབྱོར་སྲིད་ཇུས་དང་དཔལ་འབྱོར་རང་བཞིན་མིན་པའི་སྲིད་ཇུས་དེ་གཅིག་མཐུན་རང་བཞིན་དཔྱད་དཔོག་བྱེད་ཁོངས་སུ་འཇུག་པ་དང་། སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་གཅིག་གྱུར་འཆར་འགོད་བྱས་ནས། སྲིད་ཇུས་ཀྱི་དམིགས་ཚད་དང་། ཡོ་བྱད། དུས་བབ། ཤུགས་ཚད། དལ་ལྷོད་བཅས་འཚམ་མཐུན་ཡོང་ཚད་མཐོ་རུ་གཏོང་དགོས། སྲིད་ཇུས་འདོན་པ་དང་ལག་བསྟར་བྱེད་པར་ཅི་སྔ་གང་སྔ་དང་། སྔ་རུང་ཕྱི་མི་རུང་བ་བྱས་ནས། ངེས་གཏན་མེད་པའི་རང་བཞིན་སྣ་ཚོགས་དང་གང་སྔ་རྩོད་དགོས་པ་དང་། གདེང་ཚོད་བྱུང་ཚེ་ཐེངས་གཅིག་ལ་འདང་ངེས་བཏོན་ནས། སྲིད་ཇུས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། གོང་འོག་མཉམ་འགུལ་དང་འཕྲེད་ཕྱོགས་རོགས་ལས་བྱེད་ཤུགས་ཆེ་རུ་བཏང་ནས། སྲིད་ཇུས“ཐོག་མའི་སྤྱི་ལེ་གཅིག”ནས“མཐའ་མའི་སྤྱི་ལེ་གཅིག”བར་སྦྲེལ་མཐུད་ཐོགས་མེད་ཡོང་བར་སྐུལ་སྤེལ་གཏོང་དགོས། ཁྲོམ་རའི་སྐད་སྒྲ་ཉན་པར་མཐོང་ཆེན་དང་། སྲིད་ཇུས་ལག་བསྟར་དང་སྔོན་དཔག་ཁྲིད་སྟོན་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། དགེ་མཚན་ལྡན་པའི་སྤྱི་ཚོགས་ཀྱི་སྔོན་དཔག་གཏོད་དགོས།

    འདི་ལོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་པར། ངེས་པར་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ལག་བསྟར་གཏིང་ཟབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ལས་འགན་ཨང་དང་པོ་འདི་དམ་འཛིན་ནན་པོ། སྤུས་ཚད་ལ་བརྟེན་ནས་རྒྱལ་ཁ་ལེན་པ་དང་གཞི་ཁྱོན་གྱི་ཕན་འབྲས་འདོན་སྤེལ་བྱ་རྒྱུ་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་བཅས་བྱས་ནས། སྤུས་ཚད་ནུས་ལྡན་མཐོ་རུ་གཏོང་བ་དང་གྲངས་འབོར་འཕར་སྣོན་ལུགས་མཐུན་ཡོང་བར་བྱེད་དགོས། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པ་དང་། རྒྱལ་ནང་གི་རེས་འཁོར་ཆེན་པོ་དེ་རྒྱ་ཆེན་པོ་དང་སྟོབས་ཆེན་པོར་སྤེལ་བ། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རིང་རྒྱལ་སྤྱིའི་མཉམ་ལས་ཀྱི་བར་མཐོངས་རྒྱ་སྐྱེད་པ་བཅས་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཆུ་ཚད་དེ་བས་མཐོ་བའི་ཐོག་ཕན་ཚུན་སྐུལ་སྤེལ་དང་མཉམ་འགུལ་ཡག་པོ་ཡོང་བར་བྱེད་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། འཛད་སྤྱོད་དང་མཁོ་སྤྲོད་ཀྱི་གྲུབ་ཆའི་རང་བཞིན་གྱི་འགལ་བ་ཧུར་ཐག་སེལ་བ། སྤུས་ཚད་མཐོ་བའི་མཁོ་སྤྲོད་ཀྱིས་དགོས་མཁོ་ལ་སྣེ་ཁྲིད་དང་དགོས་མཁོ་གསར་སྐྲུན་བྱ་རྒྱུར་དེ་བས་མཐོང་ཆེན་བྱེད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་བརྟེན་ནས་ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསར་སྐྲུན་བྱེད་པའི་གསོན་ཤུགས་སྐུལ་སློང་བྱེད་དགོས།

    གསུམ། 2025ལོའི་སྲིད་གཞུང་ལས་དོན་གྱི་ལས་འགན།

    འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་འགན་ཧ་ཅང་ལྕི་པོ་རེད། ང་ཚོས་གཙོ་གནད་འབུར་ཐོན་དང་གནད་འགག་དམ་འཛིན་བྱས་ཏེ། གཤམ་གསལ་གྱི་ཕྱོགས་ཁག་གི་ལས་དོན་གཙོ་གནད་དུ་དམ་འཛིན་ལེགས་པོ་བྱེད་དགོས།

    (གཅིག) འཛད་སྤྱོད་ཆེར་སྐྱེད་དང་མ་འཇོག་གི་ཕན་འབྲས་ཆེ་རུ་བཏང་སྟེ། ཕྱོགས་མཐའ་ཡོངས་ནས་རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་དགོས། འཛད་སྤྱོད་དང་མ་འཇོག་ཟུང་འབྲེལ་སྔར་ལས་ཡག་པོ་ཡོང་བར་སྐུལ་སྤེལ་གཏོང་བ་དང་། ནང་མཁོ་དང་ལྷག་པར་དུ་འཛད་སྤྱོད་ཀྱི་ཆད་སྐྱོན་གང་མགྱོགས་གསབ་ནས་ནང་མཁོ་དེ་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོ་དང་བརྟན་ལྷིང་ཡོང་བའི་གཏིང་རྡོ་ལྟ་བུར་འགྱུར་བར་བྱེད་དགོས།

    འཛད་སྤྱོད་ཆེར་སྐྱེད་ཀྱི་ཆེད་དམིགས་བྱ་སྤྱོད་ལག་བསྟར་བྱེད་དགོས། འཛད་སྤྱོད་ནུས་པ་ཆེ་རུ་གཏོང་བ་དང་། སྤུས་ལེགས་འདོན་སྤྲོད་མང་དུ་གཏོང་བ། འཛད་སྤྱོད་ཁོར་ཡུག་ལེགས་བཅོས་བྱེད་པ་བཅས་ཀྱི་ཆེད་དམིགས་བྱེད་ཐབས་བཟོ་བ་དང་། སྣ་མང་ཅན་དང་ཁྱད་པར་ཅན་གྱི་འཛད་སྤྱོད་གཏིང་ཤུགས་འདོན་སྤེལ་བྱས་ཏེ། འཛད་སྤྱོད་སྤུས་འདེགས་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་དགོས། ཐབས་ལམ་མང་པོར་བརྟེན་ནས་སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་སྤེལ་གཏོང་བ་དང་། ཡོང་འབབ་འབྲིང་དམའི་མི་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཁུར་པོ་ཡང་དུ་གཏོང་བར་སྐུལ་འདེད་གཏོང་བ། ངལ་རྩོལ་པའི་གླ་ཕོགས་རྒྱུན་ལྡན་ལྟར་འཕར་སྣོན་ཡོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཚད་བརྒལ་ཡུན་རིང་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་3000བཀོད་སྒྲིག་བྱས་ནས་འཛད་རྫས་རྙིང་པ་གསར་པར་བརྗེ་བར་རྒྱབ་སྐྱོར་བྱེད་དགོས། ཞུགས་འཐུས་ལྷུག་ཏུ་གཏོང་བ་དང་། ཚོད་འཛིན་ཉུང་དུ་གཏོང་བ། ལྟ་སྐུལ་དོ་དམ་ལེགས་སྒྱུར་བྱེད་པ་སོགས་ཀྱི་ཐད་ནས་འགོ་བཙུགས་ཏེ། བདེ་ཐང་དང་། རྒན་གསོ། བུ་བཅོལ། ཁྱིམ་ལས་སོགས་སྣ་མང་ཅན་གྱི་ཞབས་ཞུ་འདོན་རྒྱ་ཆེ་རུ་གཏོང་དགོས། འཛད་སྤྱོད་ཡུལ་གནས་གསར་གཏོད་དང་ཕུན་སུམ་ཚོགས་སུ་གཏོང་བ་དང་། གྲངས་ཀ་དང་། ལྗང་མདོག རིག་ནུས་སོགས་འཛད་སྤྱོད་དཔེ་གསར་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། འཁོར་ཞག་ལམ་ལུགས་དོན་འཁྱོལ་དང་ལེགས་སྒྱུར་བྱས་ནས། རིག་གནས་དང་། ཡུལ་སྐོར། ལུས་རྩལ་སོགས་ཀྱི་འཛད་སྤྱོད་གཏིང་ཤུགས་འདོན་སྤེལ་བྱེད་དགོས། ཁྲལ་བཅག་ཚོང་ཁང་གི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁོངས་ནང་འཛུལ་གྱི་འཛད་སྤྱོད་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་འཛུགས་སྐྲུན་ཟབ་སྤེལ་བྱེད་པ་དང་། རྫོང་ཁོངས་ཚོང་ལས་མ་ལག་ཆ་ཚང་དུ་གཏོང་དགོས། ཁྱབ་ཁོངས་ཡོངས་ཀྱི་འཛད་སྤྱོད་བསྡོམས་རྩིས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། བདེ་འཇགས་བློ་བདེའི་འཛད་སྤྱོད་ཁོར་ཡུག་སྐྲུན་དགོས།

    ནུས་ལྡན་གྱི་མ་འཇོག་རྒྱ་སྐྱེད་ཧུར་ཐག་གཏོང་དགོས། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་དམངས་འཚོའི་དགོས་མཁོར་རྩེ་གཅིག་ཏུ་དམིགས་ནས། སྲིད་གཞུང་གི་མ་འཇོག་ཡོ་བྱད་སྣ་ཚོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ནོར་སྲིད་དང་དངུལ་རྩ་ཕན་ཚུན་གཞོགས་འདེགས་ཡོང་བར་ཤུགས་རྒྱག་པ། རྣམ་གྲངས་གྲབས་གསོག་དང་བདག་རྐྱེན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་གཙོ་བོ་ཁག་གཅིག་ལག་བསྟར་མགྱོགས་པོ་བྱེད་པ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་ལས་གྲྭ་གནད་ཆེན་བདེ་བླག་ངང་མཇུག་བསྡུ་བར་སྐུལ་འདེད་གཏོང་དགོས། ཏན་ཏིག་སྒོ་ནས་རྣམ་གྲངས་འཕྱུག་མེད་དང་ཡག་པོར་འདེམས་པ་དང་། མ་དངུལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཀྱི་མ་དངུལ་གྱི་དགོས་མཁོར་འགན་སྲུང་བྱེད་པ་དང་། ཕན་ཆུང་དང་ཕན་མེད་ཀྱི་མ་འཇོག་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ད་ལོ་ཀྲུང་དབྱང་གི་སྔོན་རྩིས་ཁོངས་ཀྱི་མ་འཇོག་སྒོར་དུང་ཕྱུར་7350བཀོད་སྒྲིག་བྱ་རྩིས་ཡོད། ཚད་བརྒལ་ཡུན་རིང་དམིགས་བསལ་རྒྱལ་བུན་བཀོལ་སྤྱོད་ལེགས་པོ་བྱེད་པ་དང་། ཚད་བརྒལ་ཡུན་རིང་དངུལ་བུན་སོགས་ཆ་འགྲིག་མ་དངུལ་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ། གོང་ནས་འོག་བར་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། “གནད་གཉིས”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་དོ་དམ་ལམ་སྲོལ་ལེགས་སྒྱུར་བྱེད་པ་དང་། མ་འཇོག་ཁྱབ་ཁོངས་ཀྱི་བཀག་རྒྱའི་གསལ་ཐོའི་དོ་དམ་དང་། རྣམ་གྲངས་ཞིབ་བཤེར་གཏན་འབེབས་ཀྱི་དབང་ཚད་གཤམ་སྤྲོད་བྱེད་པ་སོགས་ཀྱི་བྱེད་ཐབས་ལག་བསྟར་ཡག་པོ་བྱེད་དགོས། མ་འཇོག་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་དང་། སྡེ་ཚན་དང་ས་ཁོངས་ལས་བརྒལ་བའི་གཙོ་གནད་རྣམ་གྲངས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཞབས་ཞུའི་ལས་རིགས་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་དགོས། དམངས་ཁྲོད་མ་འཇོག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་བསྔགས་སྐུལ་བྱེད་པ་དང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་པའི་ལམ་སྲོལ་གསར་པ་ཚད་ལྡན་དང་ལག་བསྟར་བྱེད་པ། དམངས་ཁྲོད་ཀྱི་མ་རྩ་སྔར་ལས་མང་བ་རྨང་གཞིའི་སྒྲིག་བཀོད་གནད་ཆེན་དང་སྤྱི་ཚོགས་ཀྱི་དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་ནང་ཞུགས་པར་ཁྲིད་སྟོན་བཅས་བྱས་ནས། དམངས་ཁྲོད་ཀྱི་མ་རྩར་འཕེལ་རྒྱས་ཀྱི་བར་མཐོངས་སྔར་ལས་ཆེན་པོ་ལྡན་པར་བྱེད་དགོས།

    (གཉིས) ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུཌ་གསར་མ་འཕེལ་རྒྱས་བཏང་སྟེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་པོ་འཛུགས་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། བཟོ་ལས་ཅན་དཔེ་གསར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྔོན་ཐོན་བཟོ་སྐྲུན་ལས་རིགས་རྒྱ་སྟོབས་ཆེ་རུ་གཏོང་བ། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་བ། སྒུལ་ནུས་གསར་པ་རྨང་ཚུགས་སྟོབས་འཕེལ་ཡོང་བ་དང་སྲོལ་རྒྱུན་གྱི་སྒུལ་ནུས་གསར་སྒྱུར་རིམ་སྤོར་ཡོང་བར་སྐུལ་སྤེལ་གཏོང་དགོས།

    གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་དགོས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མཉམ་འདྲེས་དང་ཚོ་འདུས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། ཡུལ་གནས་གསར་པ་བཅས་གཞི་ཁྱོན་ཆེན་པོས་བཀོལ་སྤྱོད་བྱེད་པའི་དཔེ་སྟོན་བྱ་སྤྱོད་སྤེལ་བ་དང་། ཚོང་ལས་མཁའ་སྐྱོད་དང་དམའ་དབྱིངས་དཔལ་འབྱོར་སོགས་གསར་དར་ཐོན་ལས་བདེ་འཇགས་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། འབྱུང་འགྱུར་ཐོན་ལས་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་བའི་ལམ་སྲོལ་འཛུགས་པ་དང་། སྐྱེ་དངོས་བཟོ་སྐྲུན་དང་། ཚད་རྡུལ་ཚན་རྩལ། གཟུགས་ལྡན་རིག་ནུས། 6Gསོགས་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་བྱེད་དགོས། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ཚོད་ལྟ་གཏིང་ཟབ་ཏུ་གཏོང་བ་དང་། ཞབས་ཞུ་ཅན་གྱི་བཟོ་སྐྲུན་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། ཐོན་ལས་གཅིག་འདོམས་ཀྱིས་བཀོད་སྒྲིག་དང་ཐོན་ནུས་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བར་ཤུགས་བརྒྱབ་ནས། ཐོན་ལས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་དང་འགྲན་རྩོད་ལེགས་པོ་ཡོང་བར་སྐུལ་སྤེལ་གཏོང་དགོས། རྒྱལ་ཁབ་ཀྱི་མཐོ་གསར་ཁུལ་གྱི་གསར་གཏོད་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། གསར་གཏོད་ཅན་གྱི་ཁེ་ལས་སྐས་རིམ་བཞིན་སྐྱེད་སྲིང་བྱེད་པ་དང་། ཆེད་ཞིབ་ཁྱད་གསར་བཞི་བཅས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་འགྲོ་བར་སྐུལ་སྤེལ་གཏོང་བ། རི་དྭགས་རྭ་གཅིག་ཅན་གྱི་ཁེ་ལས་དང་གཙོད་རྒོད་ཁེ་ལས་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བཅས་བྱས་ནས། ཁེ་ལས་སྔར་བས་མང་བ་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པར་འཕེལ་རྒྱས་སྔར་བས་མགྱོགས་པོ་ཡོང་བར་བྱེད་དགོས།

    སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་འཁོར་འབྲེལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཐོན་ལས་རྨང་གཞི་བསྐྱར་སྐྲུན་དང་ལག་རྩལ་སྒྲིག་ཆས་གནད་ཆེན་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་ཁྱབ་ཁོངས་རྒྱ་སྐྱེད་དང་སྒོ་ཐེམ་དམའ་རུ་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་གནད་ཆེན་སྒྱུར་བཀོད་རིམ་སྤོར་དང་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་གྱི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་དགོས། བཟོ་སྐྲུན་ལས་རིགས་གྲངས་ཀ་ཅན་དུ་རིགས་སྒྱུར་བྱེད་མགྱོགས་སུ་གཏོང་བ་དང་། ལས་རིགས་ལ་རྒྱུས་མངའ་ཡོད་ཅིང་གྲངས་ཀ་ཅན་ལའང་རྒྱུས་མངའ་ཡོད་པའི་ཞབས་ཞུའི་ཚོང་པ་ཁག་ཅིག་སྐྱེད་སྲིང་བྱས་ཏེ། ཁེ་ལས་འབྲིང་ཆུང་གྲངས་ཀ་ཅན་དུ་རིགས་སྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚད་གཞི་ཇེ་མཐོར་གཏོང་བར་བརྟེན་ནས་སྲོལ་རྒྱུན་ཐོན་ལས་ཀྱི་ལེགས་སྒྱུར་རིམ་སྤོར་ལ་སྣེ་ཁྲིད་བྱེད་པའི་བྱ་སྤྱོད་སྤེལ་དགོས། བཟོ་སྐྲུན་ལས་རིགས་ཀྱི“རིགས་སྣ་མང་དུ་གཏོང་བ་དང་། སྤུས་ཀ་ལེགས་སུ་གཏོང་བ། སྤུས་རྟགས་གསར་དུ་གཏོད་པ”བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཕྱོགས་ཡོངས་ནས་སྤུས་ཚད་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། སྤུས་རྟགས་གྲགས་ཅན་དང་སྤུས་ལེགས་དང་། ཐོན་ལས་ཕུལ་བྱུང་གཏོད་དགོས།

    གྲངས་ཀའི་དཔལ་འབྱོར་གྱི་གསར་གཏོད་གསོན་ཤུགས་སྐུལ་སློང་བྱེད་དགོས། “མིས་བཟོས་རིག་ནུས་+”བྱ་སྤྱོད་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། གྲངས་ཀའི་ལག་རྩལ་དེ་བཟོ་སྐྲུན་གྱི་དགེ་མཚན་དང་ཚོང་རའི་དགེ་མཚན་དང་ཟུང་འབྲེལ་སྔར་བས་ཡག་པོ་བྱེད་པ་དང་། དཔེ་དབྱིབས་ཆེན་པོ་ཡོངས་ཁྱབ་ཏུ་བེད་སྤྱོད་པར་རྒྱབ་སྐྱོར་བྱེད་པ། རིག་ནུས་དྲ་སྦྲེལ་ནུས་རྒྱུ་གསར་པའི་རླངས་འཁོར་དང་། མིས་བཟོས་རིག་ནུས་ལག་ཁྱེར་ཁ་པར་དང་གློག་ཀླད། རིག་ནུས་འཕྲུལ་མི་སོགས་རབས་གསར་པའི་རིག་ནུས་མཐའ་སྣེ་དང་དེ་བཞིན་རིག་ནུས་བཟོ་སྐྲུན་སྒྲིག་ཆས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། 5Gགཞི་ཁྱོན་ཅན་གྱི་བེད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། བཟོ་ལས་འཕྲིན་སྦྲེལ་དྲ་རྒྱ་གསར་གཏོད་འཕེལ་རྒྱས་མགྱོགས་སུ་གཏོང་བ། རྒྱལ་ཡོངས་ཀྱི་རྩི་ནུས་ཐོན་ཁུངས་ཀྱི་བཀོད་པ་ལེགས་སུ་གཏོང་བ་བཅས་བྱས་ནས། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གྲངས་ཀའི་ཐོན་ལས་ཚོ་འདུས་བཏོད་དགོས། གྲངས་གཞིའི་རྨང་གཞིའི་ལམ་ལུགས་གང་མགྱོགས་འཐུས་ཚང་དུ་གཏོང་བ་དང་། གྲངས་གཞིའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཟབ་མོ་བྱེད་པ། གྲངས་གཞི་རྒྱལ་ཁོངས་ལས་བརྒལ་ནས་འཁོར་སྐྱོད་བྱེད་པར་སྐུལ་སྤེལ་དང་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས། ལས་སྟེགས་དཔལ་འབྱོར་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་སྤེལ་བཏང་ནས། གསར་གཏོད་ལ་སྐུལ་སྤེལ་དང་། འཛད་སྤྱོད་རྒྱ་སྐྱེད། ལས་ཞུགས་བརྟན་གཏོང་སོགས་ཀྱི་ཐད་དེའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

    (གསུམ) ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་པ་མཐའ་འཁྱོངས་བྱེད་པ་དང་། སློབ་གསོ་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་པ་གསོ་སྐྱོང་བཅས་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་བརྟན་དུ་གཏོང་དགོས། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ལོ་གསུམ་བྱ་སྤྱོད་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱེད་དགོས། དུས་རབས་གསར་པའི་སྤྱོད་བཟང་དར་སྤེལ་དང་མི་བཟང་གསོ་སྐྱོང་གི་འདུ་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། རྨང་གཞིའི་སློབ་གསོའི་ལེགས་སྐྱེད་སྤུས་ལེགས་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ནས་མི་འབོར་གྱི་འགྱུར་ལྡོག་དང་འཚམ་པའི་ཐོན་ཁུངས་གཅིག་འདོམས་སྡེབ་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། འོས་འགན་སློབ་གསོའི་སློབ་གྲྭའི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། མཐོ་འབྲིང་དུས་རིམ་གྱི་སློབ་གསོའི་སློབ་གནས་འདོན་རྒྱ་ཆེ་རུ་གཏོང་བ། རྫོང་ཁོངས་མཐོ་འབྲིང་གི་སྤུས་ཚད་མཐོ་རུ་གཏོང་བ། སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོ་རིམ་བཞིན་ཁྱབ་སྤེལ་གཏོང་བ་བཅས་བྱེད་དགོས། དམིགས་བསལ་སློབ་གསོ་དང་། རྒྱུན་མཐུད་སློབ་གསོ། ཆེད་དོན་སློབ་གསོ་བཅས་ལེགས་པར་གཉེར་ནས་དམངས་གཉེར་སློབ་གསོ་འཕེལ་རྒྱས་ཚད་ལྡན་ཡོང་བར་ཁྲིད་སྟོན་བྱེད་དགོས། ལས་རིགས་སློབ་གྲྭ་དང་མཐོ་འབྲིང་དཀྱུས་མ་མཉམ་འདྲེས་དང་། ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ནས་ལས་རིགས་སློབ་གསོའི་མཐུན་འཕྲོད་རང་བཞིན་ཆེ་རུ་གཏོང་དགོས། མཐོ་རིམ་སློབ་གྲྭའི་སྒྱུར་བཅོས་ལ་རིགས་དབྱེ་སྐུལ་འདེད་གཏོང་བ་དང་། དངོས་གཞིའི་ཚན་ཁག་སྤུས་ལེགས་རྒྱ་སྐྱེད་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། “རྩེ་གྲ་གཉིས”འཛུགས་སྐྲུན་མགྱོགས་པོ་བཅས་བྱས་ནས་རིག་ཚན་བཀོད་སྒྲིག་དང་ལེགས་སྒྲིག་བྱེད་པའི་ལམ་སྲོལ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་དཔེ་རྣམ་འཐུས་སྒོ་ཚང་དུ་གཏོང་དགོས། སློབ་གྲྭའི་ལུས་རྩལ་བྱེད་སྒོ་ཧུར་ཐག་སྤེལ་བ་དང་སེམས་ཁམས་བདེ་ཐང་གི་སློབ་གསོ་ཁྱབ་གདལ་བཏང་ནས་དགེ་སློབ་ཀྱི་ལུས་སེམས་བདེ་ཐང་ལ་གཅེས་སྐྱོང་བྱེད་དགོས། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་པ་དང་། དགེ་རྒན་གྱི་སྤྱོད་ལམ་འཛུགས་སྐྱོང་དང་དགེ་རྒན་གྱི་ཐོབ་ཐང་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་དོ་ཁུར་ལ་དམ་པོར་དམིགས་ནས་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སློབ་གསོའི་རྒྱལ་ཁབ་ཆེན་པོ་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་སུ་མགྱོགས་མྱུར་སྐྱོད་དགོས།

    ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒྲིག་སྲོལ་དཔེ་གསར་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ། མདུན་གྲལ་རང་བཞིན། རྩ་སློག་རང་བཞིན་བཅས་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས། ཚན་རྩལ་ལས་གཞི་གནད་ཆེན་སྒྲིག་འཛུགས་ལག་བསྟར་དང་སྔོན་ཚུད་ནས་བཀོད་སྒྲིག་གང་མགྱོགས་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་བཀོད་པ་ལེགས་སྒྱུར་དང་། ཚན་རིག་ཞིབ་འཇུག་ཁང་སྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཚོད་ལྟ་ཁང་གི་ཚན་ཞིབ་རྩ་འཛུགས་དཔེ་རྣམ་དཔེ་གསར་འཚོལ་ཞིབ། རྒྱལ་སྤྱི་དང་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཚན་རྩལ་གྱི་གཏོང་སྒོས་རྨང་གཞིའི་ཞིབ་འཇུག་ལ་གཟིགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། འགྲན་རྩོད་རང་བཞིན་གྱི་རྒྱབ་སྐྱོར་དང་བརྟན་བརླིང་གི་རྒྱབ་སྐྱོར་ཕན་ཚུན་ཟུང་འབྲེལ་གྱི་གཏོང་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། རྨང་གཞིའི་ཞིབ་འཇུག་རྩ་འཛུགས་ཅན་དུ་འགྱུར་ཚད་ཇེ་མཐོར་གཏོང་དགོས། ཚན་རྩལ་སྣེ་ཁྲིད་ཁེ་ལས་ཀྱི་སྣེ་འདྲེན་ནུས་པ་འདོན་སྤེལ་བྱས་ཏེ། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་ཤུགས་རྒྱག་པ་དང་། ལམ་ལུགས་ཀྱི་ཐོག་ནས་ཁེ་ལས་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ཀྱི་ཐབས་ཇུས་ནང་ཞུགས་པ་དང་ཚན་རྩལ་ལས་གཞི་གནད་ཆེན་སྒྲུབ་འགན་འཁུར་བར་འགན་སྲུང་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་ཚན་རྩལ་གྲོན་དངུལ་བགོ་བཤའ་དང་དོ་དམ་བེད་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་ཁྲོམ་རའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཐོག་ཚན་རྩལ་གྱི་གྲུབ་འབྲས་དབང་སྩོལ་དང་རྒྱུ་ནོར་ལོགས་འདོན་དོ་དམ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་གྱི་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། དོན་སྤྱིའི་ར་སྤྲོད་དང་དུས་དཀྱིལ་ཀྱི་ཚོད་ལྟའི་ར་སྤྲོད། ལས་རིགས་ཐུན་མོང་རང་བཞིན་གྱི་ལག་རྩལ་བཅས་ཀྱི་ལས་སྟེགས་གང་མགྱོགས་སྐྲུན་དགོས། གསར་གཏོད་དངུལ་འཇོག་ཐེབས་རྩའི་ཁྱད་པར་ཅན་གྱི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་གཏོད་དངུལ་འཇོག་འཕེལ་རྒྱས་དང་ངང་རིང་མ་རྩ་སྟོབས་ཆེར་མགྱོགས་པོ་གཏོང་དགོས། ཚན་རྩལ་སྒོ་དབྱེ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས། ཚན་རིག་ཁྱབ་གདལ་ལས་ཀར་ཤུགས་བརྒྱབ་ནས་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་དགོས། ཚན་རིག་པའི་སྙིང་སྟོབས་དར་སྤེལ་བཏང་ནས་འཚོལ་ཞིབ་ལ་བསྔགས་སྐུལ་དང་། ཕམ་ཁར་གུ་ཡངས་གཏོང་བའི་གསར་གཏོད་ཁོར་ཡུག་ཆགས་པར་སྐུལ་འདེད་གཏོང་དགོས།

    ཤེས་ལྡན་པའི་དཔུང་ཁག་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཤེས་ལྡན་པའི་མཐོ་ས་དང་ཤེས་ལྡན་པའི་ལས་སྟེགས་ཀྱི་ཁྱབ་འགྱེད་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་པའི་སྟོབས་ཤུགས་གང་མགྱོགས་འཛུགས་སྐྲུན་བྱེད་པ། གསར་གཏོད་ཀྱི་ཤེས་ལྡན་པ་རྩེར་སོན་དང་། གཙོ་གནད་ཁྱབ་ཁོངས་སུ་དགོས་མཁོ་ཆེ་ཞིང་ཁ་ཐང་བ་དང་རྩལ་ནུས་ཆེ་བ་བཅས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་ཤུགས་རྒྱག་དགོས། ན་གཞོན་ཚན་རྩལ་ཤེས་ལྡན་པར་རྒྱབ་སྐྱོར་ཤུགས་ཆེན་དང་བློ་ཁོག་ཆེན་པོས་བཀོལ་སྤྱོད་བྱེད་དགོས། བཟོ་བོའི་སྙིང་སྟོབས་དར་སྤེལ་བཏང་ནས་ཐོན་ལས་ལག་རྩལ་གྱི་བཟོ་པའི་དཔུང་ཁག་རྩེ་གྲ་འཛུགས་སྐྱོང་བྱེད་དགོས། ཕྱི་རྒྱལ་ནས་གདན་འདྲེན་ཞུས་པའི་ཤེས་ལྡན་པའི་རྒྱབ་སྐྱོར་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁོངས་གཞན་གྱི་ཤེས་ལྡན་པའི་ཞབས་ཞུ་ལེགས་སྒྱུར་བྱེད་དགོས། ཤེས་ལྡན་པར་དོ་དམ་དང་བཀོལ་སྤྱོད་བྱེད་པའི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་དང་། མི་སྤྱོད་སྡེ་ཚན་ལ་རང་བདག་གི་དབང་ཆ་སྔར་ལས་ཆེ་བ་སྤྲོད་པ། ཐོན་སློབ་ཞིབ་གསུམ་གྱི་ཤེས་ལྡན་པ་མཉམ་འབྲེལ་གྱིས་གསོ་སྐྱོང་དང་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཤེས་ལྡན་པའི་ས་ཁོངས་བཀོད་པ་ལུགས་མཐུན་ཡོང་བར་སྐུལ་སྤེལ་བཏང་ནས། ཤར་དབུས་ནུབ་གསུམ་གྱི་ཤེས་ལྡན་པའི་རོགས་རེས་ལ་ཤུགས་སྣོན་བརྒྱབ་ནས་ཕུལ་བྱུང་ཤེས་ལྡན་པས་དབུས་ནུབ་ས་ཁུལ་དུ་བྱས་རྗེས་འཇོག་པ་དང་བྱ་གཞག་སྒྲུབ་པར་སྐུལ་མ་གཏོང་དགོས། ཤེས་ལྡན་པའི་རིགས་དབྱེའི་གདེང་འཇོག་སྒྱུར་བཅོས་དང་ཚན་སློབ་རིགས་ཁོངས་ཀྱི“ཞྭ་མོ”བཅོས་སྐྱོང་ཟབ་སྤེལ་བྱེད་པ་དང་། གསར་གཏོད་ནུས་པ་དང་། སྤུས་ཚད། དངོས་ཕན། བྱས་རྗེས་བཅས་ཁྲིད་ཕྱོགས་སུ་འཛིན་པའི་ཤེས་ལྡན་པའི་གདེང་འཇོག་མ་ལག་བཙུགས་ནས། ཤེས་ལྡན་པའི་རིགས་ཁག་གིས་བློ་རྩེ་གཅིག་བསྒྲིམས་ཀྱིས་བརྩོན་ཞིབ་དང་། གྲབས་ཚགས་ཚུད་དང་གཏོང་གནད་འཁེལ་ཡོང་བར་བསྔགས་སྐུལ་བྱེད་དགོས།

    (བཞི) མཚོན་རྟགས་རང་བཞིན་གྱི་སྒྱུར་བཅོས་བྱེད་ཐབས་གང་མགྱོགས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་བྱེད་དགོས། གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་སེལ་གང་ཐུབ་བྱས་ཏེ། སྔར་ལས་དྲང་སྙོམས་དང་སྔར་ལས་གསོན་ཤུགས་ལྡན་པའི་ཁྲོམ་རའི་ཁོར་ཡུག་སྐྲུན་དགོས།

    གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་ནུས་ལྡན་བྱེད་དགོས། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས”རྒྱུན་འཁྱོངས་དང་དོན་འཁྱོལ་བྱེད་དགོས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང་ཟབ་སྤེལ། མཐོར་འདེགས་བཅས་ཀྱི་བྱ་སྤྱོད་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་བྱེད་པ་དང་། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་གི་ཁྲིད་སྟོན་ལག་ལེན་བསྟར་བ། གཞུང་ཁོངས་ཁེ་ལས་ཀྱིས་འཐབ་ཇུས་ཀྱི་འགན་འཁྲི་སྒྲུབ་ཚུལ་ལ་གདེང་འཇོག་བྱེད་པའི་ལམ་ལུགས་གང་མགྱོགས་འཛུགས་པ་བཅས་བྱེད་དགོས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཏན་ཏིག་བྱས་ཏེ། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་ཏན་ཏིག་བྱེད་པ་དང་། ཆ་རྐྱེན་འཛོམས་པའི་དམངས་གཉེར་ཁེ་ལས་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་བསྔགས་སྐུལ་བྱེད་དགོས། ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་ལ་གཙང་བཤེར་བྱེད་པའི་ལས་ཀར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། འབྱུང་རྩ་ནས་བཅོས་སྐྱོང་དང་ཁ་དན་ཚིག་ལ་མི་གནས་མཁན་ལ་ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་གནད་དོན་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་དོན་འཁྱོལ་བྱེད་དགོས། སྲིད་གཞུང་དང་ཁེ་ལས་དབར་རྒྱུན་རྣམ་ཅན་གྱི་འབྲེལ་མཐུད་སྤེལ་རེས་ཟབ་མོ་བྱས་ཏེ། ཁེ་ལས་ཀྱི་དངོས་ཡོད་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་ཏན་ཏིག་བྱེད་དགོས། སྒེར་གཉེར་བཟོ་ཚོང་ཐེམ་དུད་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། ཁེ་ལས་དང་འབྲེལ་བའི་ཁྲིམས་བསྟར་ཚད་ལྡན་དུ་གཏོང་བའི་ཆེད་དམིགས་བྱ་སྤྱོད་སྤེལ་ཏེ། གྲོན་དངུལ་གང་བྱུང་བསྡུ་བ་དང་། དངུལ་ཆད་གང་བྱུང་གཅོད་པ། ཞིབ་བཤེར་གང་བྱུང་བྱེད་པ། སྒོ་ཐེལ་གང་བྱུང་རྒྱག་པ་བཅས་ལ་བཅོས་སྒྲིག་གཅིག་སྡུད་བྱས་ནས། སྒྲིག་འགལ་ངང་ཡུལ་གཞན་དུ་ཁྲིམས་བསྟར་དང་ཕན་གཉེར་རང་བཞིན་གྱི་ཁྲིམས་བསྟར་བྱ་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། སྲིད་གཞུང་གིས་ཞབས་ཞུ་སྒྲུབ་རིམ་དོ་དམ་བྱེད་པ་དང་ཞབས་ཞུའི་དྲོད་འཁོལ་ལ་བརྟེན་ནས་ཁེ་ལས་ཀྱི་ཡིད་ཆེས་འཕེལ་བར་བྱེད་དགོས།

    རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། རྨང་གཞིའི་ལམ་ལུགས་དང་སྒྲིག་སྲོལ་གང་མགྱོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་གནས་ཀྱི་སྲུང་སྐྱོབ་དང་ཁྲོམ་ར་ལོགས་དབྱེ་བྱེད་རིགས་གཙང་སེལ་བྱེད་པ། ཁྲོམ་རར་ཞུགས་འཐུས་དང་ཕྱིར་འཐེན་དང་བདག་རྐྱེན་བགོ་སྒྲིག་སོགས་ཐད་ཀྱི་དཔལ་འབྱོར་རེས་འཁོར་ལ་ཚོད་འཛིན་ཐེབས་པའི་ཐོགས་ས་དང་འགག་གནས་བསལ་ནས། “ནང་རྩོད་རྣམ་པའི”འགྲན་རྩོད་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་ཁྲིད་སྟོན་བྱ་རྒྱུ་ལག་བསྟར་དང་། ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་པར་གཞི་གསར་པ་བཟོ་བཅོས་བརྒྱབ་ནས་འདོན་པ། ལས་རྣམ་གསར་པ་དང་ཁྱབ་ཁོངས་གསར་པའི་ཁྲོམ་རར་ཞུགས་འཐུས་ཁོར་ཡུག་ལེགས་སྒྱུར་བཅས་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་འགྲན་རྩོད་དྲང་སྙོམས་སྒྲིག་མཐུན་ཡོང་བར་ཁྲིད་སྟོན་གཏན་འབེབས་བྱེད་པ་དང་། དམིགས་འགུག་དམིགས་འཇོག་གི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་སྲིད་ཇུས་དངོས་སུ་བཏོན་ནས། གཅིག་གྱུར་གྱི་ཡིད་རྟོན་ཉམས་གསོའི་ལམ་ལུགས་འཛུགས་དགོས། ཁེ་ལས་སྟབས་བདེའི་ཕྱིར་འཐེན་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གཉེར་སྐྱོང་བྱེད་པོའི་བྱེད་སྒོ་སྤེལ་ཡུལ་གྱི་བསྡོམས་རྩིས་རིམ་བཞིན་ཁྱབ་གདལ་གཏོང་དགོས། གཅིག་གྱུར་སྒོ་འབྱེད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲོམ་ར་གང་མགྱོགས་བཙུགས་ནས། སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་གཏོང་བའི་ཆེད་དམིགས་བྱ་སྤྱོད་ལག་བསྟར་བྱེད་དགོས།

    ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ཀྲུང་དབྱང་སྡེ་ཁག་གི་རྨང་མེད་སྔོན་རྩིས་སྒྱུར་བཅོས་ཚོད་ལྟ་སྤེལ་བ་དང་། ས་གནས་ཀྱིས་རྨང་མེད་སྔོན་རྩིས་སྒྱུར་བཅོས་ཟབ་སྤེལ་ལ་རྒྱབ་སྐྱོར་བྱས་ཏེ། གཏོང་སྒོའི་ཚད་གཞི་དང་། གྲུབ་འབྲས་གདེང་འཇོག་སོགས་འགག་རྩའི་ལམ་ལུགས་གསར་གཏོད་ཧུར་ཐག་བྱེད་དགོས། དངོས་རྫས་ཀྱི་རྣམ་གྲངས་ཁག་ཅིག་གི་འཛད་སྤྱོད་དཔྱ་ཁྲལ་བསྡུ་བའི་ལྷུ་ཚིགས་རྗེས་སྤོ་བྱེད་པ་མ་ཟད། ས་གནས་ལ་གཤམ་སྤྲོད་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ས་གནས་ཀྱི་རང་བདག་ནོར་ཤུགས་ཇེ་ཆེར་གཏོང་དགོས། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཚད་ལྡན་དུ་གཏོང་དགོས། སྐུལ་ལྕག་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ནས་བཙུགས་ཏེ། ས་གནས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ནོར་ཁུངས་སྐྱེད་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ནོར་སྲིད་ཀྱིས་འཚོ་སྐྱོང་བྱེད་པའི་མི་སྣའི་གཞི་ཁྱོན་ལ་ཚོད་འཛིན་ནན་པོ་བྱེད་དགོས། ཚན་རྩལ་དངུལ་རྩ་དང་། ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གྲངས་ཀའི་དངུལ་རྩ་བཅས་ཀྱི་ཚད་གཞིའི་མ་ལག་དང་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། མ་རྩའི་ཁྲོམ་རར་དངུལ་འཇོག་དངུལ་སྡུད་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཟབ་སྤེལ་དང་། དུས་ཡུན་འབྲིང་རིང་གི་མ་དངུལ་ཁྲོམ་རར་ཞུགས་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། འཐབ་ཇུས་རང་བཞིན་གྱི་སྟོབས་ཤུགས་གསོག་འཇོག་དང་ཁྲོམ་ར་བརྟན་དུ་གཏོང་བའི་ལམ་སྲོལ་འཛུགས་པར་ཤུགས་རྒྱག་དགོས། མ་རྐང་འཛིན་ཤོག་འགྲེམས་སྤེལ་དང་ཁྲོམ་རར་འདོན་པ་དང་ཟླ་སྒྲིལ་བསྐྱར་སྒྲིག་བྱེད་པའི་ལམ་ལུགས་ལ་སྒྱུར་བཅོས་དང་ལེགས་སྒྱུར་བྱེད་དགོས། རིམ་པ་མང་བའི་བུན་འཛིན་ཁྲོམ་ར་འཕེལ་རྒྱས་མགྱོགས་སུ་གཏོང་དགོས།

    (ལྔ) ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། ཕྱི་ཚོང་དང་ཕྱི་དངུལ་བརྟན་པོ་ཡོང་གང་ཐུབ་བྱེད་དགོས། ཕྱི་ཕྱོགས་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་སྒོ་འབྱེད་ལ་གཡོ་འགུལ་མེད་པར་རྒྱུན་འཁྱོངས་དང་། ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེ་རུ་གཏོང་བ། གོ་རིམ་ལྡན་པའི་སྒོ་ནས་རང་བདག་སྒོ་འབྱེད་དང་ཕྱོགས་རྐྱང་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ། སྒོ་འབྱེད་ལ་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་བརྟན་པོ་ཡོང་བར་བྱེད་དགོས། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་ཡོང་བའི་སྲིད་ཇུས་ཀྱི་ཤུགས་ཚད་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་མངགས་ཐོ་བརྟན་པོ་ཡོང་བ་དང་ཁྲོམ་ར་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་དགོས། དངུལ་སྡུད་དང་། བསྡོམས་རྩིས། ཕྱི་དངུལ་སོགས་དངུལ་རྩའི་ཞབས་ཞུ་ལེགས་སྒྱུར་བྱེད་པ་དང་། ཕྱིར་གཏོང་ཡིད་རྟོན་འགན་བཅོལ་དང་ལེན་བྱེད་དངུལ་གྱི་གཞི་ཁྱོན་དང་ཁེབས་རྒྱ་ཆེ་རུ་གཏོང་བ་དང་། ཁེ་ལས་ཕྱི་རྒྱལ་དུ་འགྲེམས་སྟོན་ནང་ཞུགས་པ་དང་འགྲེམས་སྟོན་གཉེར་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁོངས་ལས་སྒྲོལ་བའི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁོངས་ལས་སྒྲོལ་བའི་སྐུར་སྐྱེལ་ཟོག་འགྲེམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཕྱི་རྒྱལ་གྱི་མཛོད་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁོངས་ཕྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁུལ་གྱི་ནུས་པ་རྒྱ་སྐྱེད་གཏོང་བ་དང་། བར་མའི་ཐོན་རྫས་ཉོ་ཚོང་འཕེལ་རྒྱས་གཏོང་བ། སྣ་མང་ཅན་གྱི་ཁྲོམ་ར་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས། ཚད་གཞི་དཔང་བདེན་ར་སྤྲོད་དང་ཁྲོམ་རའི་ཐབས་ལམ་སོགས་ཐད་ཀྱི་གནད་དོན་གང་མགྱོགས་ཐག་གཅོད་བྱེད་དགོས། ཞབས་ཞུའི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་གྱི་དགེ་མཚན་ལྡན་པའི་ཞབས་ཞུའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ཞབས་ཞུ་ཕྱིར་གཏོང་བྱེད་པར་བསྔགས་སྐུལ་དང་སྤུས་ལེགས་ཞབས་ཞུ་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལྗང་མདོག་ཉོ་ཚོང་དང་གྲངས་ཀའི་ཉོ་ཚོང་སོགས་འཕར་གཞི་གསར་པ་སྐྱེད་སྲིང་བྱས་ནས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་གཞིས་བྲལ་ཉོ་ཚོང་དཔེ་གསར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། ནང་འདྲེན་དངོས་མང་འགྲེམས་ཚོགས་དང་། ཀོང་ཀྲོའུ་ཉོ་ཚོང་འདུ་ཚོགས། ཞབས་ཞུའི་ཉོ་ཚོང་འགྲེམས་ཚོགས། གྲངས་ཀའི་ཉོ་ཚོང་འགྲེམས་ཚོགས། འཛད་རྫས་དངོས་མང་འགྲེམས་ཚོགས་སོགས་འགྲེམས་ཚོགས་གནད་ཆེན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་པར་གཉེར་དགོས། རིག་ལྡན་འགག་སྒོ་འཛུགས་སྐྲུན་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས། འགག་སྒོ་སྒྲོལ་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

    ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་བསྔགས་སྐུལ་ཤུགས་ཆེན་བྱེད་དགོས། ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཕྱོགས་བསྡུས་ཚོད་ལྟའི་དཔེ་སྟོན་ལ་སྐུལ་འདེད་གཏོང་བ་དང་། དྲ་སྦྲེལ་དང་རིག་གནས་སོགས་ཀྱི་ཁྱབ་ཁོངས་གོ་རིམ་ལྡན་པའི་སྒོ་ནས་སྒོ་འབྱེད་པར་སྐུལ་འདེད་གཏོང་བ། གློག་འཕྲིན་དང་། སྨན་བཅོས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་སྒོ་འབྱེད་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཕྱི་རྒྱལ་གྱི་མ་དངུལ་འཇོག་མཁན་གྱིས་ཡང་བསྐྱར་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་བར་བསྔགས་སྐུལ་དང་། ཐོན་ལས་མུ་ཕྲེང་གི་གོང་འོག་ཆ་འགྲིག་མཉམ་ལས་ནང་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། ཕྱི་རྒྱལ་གྱི་མ་རྩ་བཞག་པའི་ཁེ་ལས་ལ་བདག་རྐྱེན་འཐོབ་ལེན་དང་། ཐོབ་ཐང་ཆོག་འཐུས། ཚད་གཞི་གཏན་འབེབས། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཐད་ཀྱི་རྒྱལ་དམངས་ཐོབ་ཐང་འགན་སྲུང་ཏན་ཏིག་བྱེད་དགོས། ཕྱི་རྒྱལ་གྱི་མ་རྩ་བཞག་པའི་ཁེ་ལས་ཀྱི་ཞབས་ཞུའི་འགན་སྲུང་ལ་ཤུགས་རྒྱག་པ་དང་། མཚོན་རྟགས་རང་བཞིན་གྱི་ལས་གཞི་གང་མགྱོགས་དོན་འཁྱོལ་བྱེད་པ། “དངུལ་འཇོག་ཀྲུང་གོའི”སྤུས་རྟགས་རྒྱུན་མཐུད་ངང་གཏོད་དགོས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྤུས་ཕྱོད་མཉམ་འདེགས་དང་སྒྱུར་བཅོས་ལས་འགན་རྒྱ་སྐྱེད་པ་ལ་དབང་སྐུར་བར་སྐུལ་འདེད་གཏོང་བ་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་ལྟེ་བའི་སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་བ། དཔལ་འབྱོར་གསར་སྤེལ་ཁུལ་གྱི་སྒོ་འབྱེད་འཕེལ་རྒྱས་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་རིགས་སྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་དགོས། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་རྒྱུན་མཐུད་ངང་བསྐྲུན་ནས། ཕྱི་རྒྱལ་གྱི་མ་རྩ་བཞག་པའི་ཁེ་ལས་འཕེལ་རྒྱས་སྔར་ལས་ལྷག་པར་གཏོང་དགོས།

    སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས། མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གནད་ཆེན་དང“ཆུང་ཞིང་མཛེས་པའི”དམངས་འཚོའི་ལས་གཞི་འཛུགས་སྐྲུན་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་སྟེ། དཔེ་སྟོན་རང་བཞིན་གྱི་མཉམ་ལས་གྲུབ་འབྲས་ཁག་གཅིག་ཆགས་པར་བྱེད་དགོས། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་འཁོར་སྐྱོད་བརྟན་བརླིང་ཐོགས་མེད་ཡོང་བར་འགན་སྲུང་དང་། ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་རྒྱུ་ལམ་གསར་པ་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། ཕྱི་ཕྱོགས་ལ་མ་རྩ་འཇོག་པ་སྐྱོན་བྲལ་དང་། བདེ་འཇགས། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་། བཅའ་ཁྲིམས་དང་། དངུལ་རྩ། ཟོག་འགྲེམས་སོགས་ཕྱི་རྒྱལ་གྱི་ཕྱོགས་བསྡུས་ཞབས་ཞུར་ཤུགས་རྒྱག་པ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་རྒྱལ་སྤྱིའི་མཉམ་ལས་བཀོད་པ་ལེགས་སྒྱུར་བཅས་བྱེད་དགོས།

    ཕྱོགས་མང་དང་། ཕྱོགས་གཉིས། ས་ཁོངས་བཅས་ཀྱི་དཔལ་འབྱོར་མཉམ་ལས་གཏིང་བཟབ་ཏུ་གཏོང་དགོས། གོ་ལ་ཧྲིལ་པོར་ཁ་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་རྒྱ་རྒྱུན་མཐུད་ངང་ཆེ་རུ་བཏང་ནས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ་གྱི་རིམ་སྤར་གྲོས་མཐུན་པར་གཞི་3.0ལ་མིང་རྟགས་འགོད་རྒྱུར་སྐུལ་འདེད་གཏོང་བ་དང་། 《གྲངས་ཀའི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན》དང《ཕྱོགས་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་རོགས་ཟླའི་འབྲེལ་བའི་གྲོས་མཐུན》ལས་རིམ་ནང་ཧུར་ཐག་ཞུགས་པར་སྐུལ་འདེད་གཏོང་དགོས། འཛམ་གླིང་ཉོ་ཚོང་རྩ་འཛུགས་ལྟེ་བར་གྱུར་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་ཁག་དང་ཁེ་ཕན་བསྣོལ་འདྲེས་ཡོང་གནས་རྒྱ་ཆེར་བཏང་ནས། མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

    (དྲུག) གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་འདུམ་སེལ་ནུས་ལྡན་བྱས་ཏེ། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མཐའ་ཚད་བརྟན་པོར་སྲུང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་དེ་བས་ལེགས་པའི་སྒོ་ནས་སྤྱི་འདོམས་བྱེད་པ་དང་། འཕེལ་རྒྱས་ཁྲོད་ཉེན་ཁ་རིམ་བཞིན་འདུམ་སེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་སྐུལ་རེས་བཟང་པོ་མངོན་འགྱུར་གང་ཐུབ་བྱེད་དགོས།

    ས་ཁང་ཐོན་ལས་ཁྲོམ་ར་ཆག་འགོག་བསྐྱར་བརྟན་ཡོང་བར་རྒྱུན་མཐུད་ངང་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་ཉུང་འཕྲི་བྱེད་པ་དང་། གྲོང་ཁྱེར་ནང་གི་གྲོང་ཚོ་དང་ཁང་པ་ཉེན་ཅན་དང་རྙིང་པ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་ནས། དགོས་ངེས་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོའི་གཏིང་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས། གྲོང་ཁྱེར་གྱི་བར་སྟོང་གྲུབ་ཚུལ་དང་ས་ཞིང་བེད་སྤྱོད་བྱེད་སྟངས་ལེགས་སྒྱུར་བྱེད་པ་དང་། གསར་དུ་འཕར་བའི་ས་ཁང་ཐོན་ལས་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་འདོན་སྤྲོད་བྱེད་ཚད་ཚོད་འཛིན་ལུགས་མཐུན་བྱེད་དགོས། བསགས་འབོར་སྤྱོད་ས་དང་ཚོང་གཉེར་དང་ལས་སྒྲུབ་ཁང་པ་འཁྲུག་ཏུ་གཏོང་བ་དང་། བསགས་འབོར་ཚོང་ཟོག་སྡོད་ཁང་ཉོ་སྒྲུབ་བྱེད་པར་སྐུལ་འདེད་བཏང་སྟེ། ཉོ་སྒྲུབ་བྱེད་པོ་དང་། རིན་གོང་། སྤྱོད་སྒོ་བཅས་ཀྱི་ཐད་གྲོང་ཁྱེར་སྲིད་གཞུང་ལ་རང་བདག་དབང་ཆ་སྔར་ལས་ཆེ་བ་སྤྲོད་དགོས། འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་དངུལ་བུན་བསྐྱར་གཏོང་བཀོལ་སྤྱོད་བྱེད་ཁྱོན་ཆེ་རུ་གཏོང་དགོས། ས་ཁང་ཐོན་ལས་ཀྱི་དངུལ་སྡུད་མཐུན་སྦྱོར་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། སྤྲོད་ངེས་ཁང་པའི་ལས་དོན་མུ་མཐུད་ཡག་པོར་སྒྲུབ་པ་དང་། ཁང་པ་དང་ཁེ་ལས་ཀྱི་བུན་འགན་ཁ་ཆད་དང་འགལ་བའི་ཉེན་ཁ་འགོག་ཟོན་ནུས་ལྡན་བྱེད་དགོས། འབྲེལ་ཡོད་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་གོ་རིམ་ལྡན་པའི་སྒོ་ནས་འཛུགས་པ་དང་། ས་ཁང་ཐོན་ལས་འཕེལ་རྒྱས་དཔེ་རྣམ་གསར་པ་གང་མགྱོགས་འཛུགས་དགོས། མི་དམངས་མང་ཚོགས་ཀྱི་སྤུས་ལེགས་གཞིས་སྡོད་དགོས་མཁོ་དང་འཚམ་པ་དང་། ཚད་གཞི་དང་ཚད་ལྡན་འཐུས་སྒོ་ཚང་དུ་བཏང་ནས་བདེ་འཇགས་དང་། བག་ཕེབས། ལྗང་མདོག རིག་ལྡན་བཅས་ཀྱི“ཁང་པ་ཡག་པོ”འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་བརྟན་པོའི་ངང་སེལ་ཐབས་བྱེད་དགོས། འཕེལ་རྒྱས་ཁྲོད་བུ་ལོན་སེལ་བ་དང་བུ་ལོན་སེལ་བའི་ཁྲོད་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྡེབ་གཅིག་གི་བུ་ལོན་སེལ་བའི་ཇུས་གཞི་འཐུས་ཚང་དང་དོན་འཁྱོལ་བྱེད་པ་དང་། དཔྱད་ཞིབ་དང་དོ་དམ་ཚོད་འཛིན་བྱེད་ཐབས་ལེགས་སྒྱུར། བུ་ལོན་གྱི་ཉེན་ཁ་ཆེ་བའི་ས་ཁུལ་གྱི་མིང་ཐོ་འགུལ་རྣམ་གྱིས་ལེགས་སྒྲིག་བཅས་བྱས་ཏེ། མ་དངུལ་འཇོག་པའི་བར་སྟོང་གསར་པ་གཏོད་པར་རྒྱབ་སྐྱོར་བྱེད་དགོས། ཚན་རིག་དང་མཐུན་པའི་རིགས་དབྱེ་དང་བརྗེ་ལེན་གནད་འཁེལ་བྱེད་པའི་རྩ་དོན་ལྟར། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་བརྗེ་ལེན་ལས་དོན་ཡག་པོར་སྒྲུབ་དགོས། སྲིད་གཞུང་གི་བུ་ལོན་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒྲིག་འགལ་གྱིས་བུ་ལོན་ལེན་པའི་ཐལ་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།

    ས་གནས་ཀྱི་དངུལ་སྡུད་ལས་སྟེགས་དང་སྲིད་གཞུང་གི་དངུལ་སྡུད་བྱེད་ནུས་གང་མགྱོགས་ལོགས་འབྱེད་བྱས་ཏེ། ཁྲོམ་ར་ཅན་གྱི་ཕྱོགས་སྒྱུར་དང་བུ་ལོན་གྱི་ཉེན་ཁ་འདུམ་སེལ་བྱེད་པར་སྐུལ་འདེད་གཏོང་དགོས། དངུལ་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་ཧུར་ཐག་བྱེད་དགོས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་ལྟར། ས་གནས་ཀྱི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་ཉེན་ཁ་ཐག་གཅོད་དང་རིགས་སྒྱུར་འཕེལ་རྒྱས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་ཀྱིས་མ་རྩའི་དངུལ་གསབ་སྣོན་དང་ཟླ་སྒྲིལ་བསྐྱར་སྒྲིག ཁྲོམ་ར་ཕྱིར་འཐེན་སོགས་ཀྱི་རྣམ་པ་སྤྱད་དེ་ཉེན་ཁ་རིགས་དབྱེ་ནས་འདུམ་སེལ་བྱེད་དགོས། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་བྱེད་ནུས་ངེས་གནས་དང་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཁྱད་པར་ཅན་དང་ནང་རྒྱས་རྣམ་པའི་འཕེལ་རྒྱས་མངོན་འགྱུར་ཐུབ་པར་སྐུལ་འདེད་གཏོང་དགོས། དངུལ་རྩའི་ལྟ་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡེ་ཚན་ལས་བརྒལ་བའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཀྲུང་དབྱང་དང་ས་གནས་ཀྱི་ལྟ་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོར་རྡུང་རྡེག་ཚ་ནན་གཏོང་བའི་རྣམ་པ་མཐའ་འཁྱོངས་བྱེད་དགོས། བཅོལ་དངུལ་འགན་བཅོལ་ཐེབས་རྩ་དང་དངུལ་རྩ་བརྟན་ལྷིང་འགན་སྲུང་ཐེབས་རྩ་སོགས་ཉེན་སེལ་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཕྱི་ཕྱོགས་ཀྱི་ཉེན་ཁའི་རྡབ་རྡེག་ལ་ཁ་གཏད་འཇལ་བའི་སྔོན་ཇུས་འཐུས་སྒོ་ཚང་དུ་བཏང་ནས་དངུལ་རྩའི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་བྱེད་དགོས།

    (བདུན) “ཞིང་གསུམ”ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཞིང་ལས་དང་གྲོང་གསེབ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། “ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ། ཞིང་དར་དང་ཞིང་ཕན་ཞིང་ཕྱུག་གསུམ་གྱི་རྒྱབ་སྐྱོར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་གསོན་ཤུགས་ཆེ་རུ་སྐྱེད་པ། ཞིང་པའི་ཡོང་འབབ་སྤར་བ་བཅས་ལ་ཐབས་བརྒྱ་ཇུས་སྟོང་གིས་སྐུལ་འདེད་གཏོང་དགོས།

    འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་བརྟན་སྤྲོད་སྲུང་གི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བར་བྱེད་པ་དང་། མུའུ་རེའི་ཐོན་འབབ་དང་སྤུས་ཚད་མཐོ་རུ་གཏོང་བར་ནུས་ཤུགས་གཙོ་བོ་འདོན་དགོས། སྲན་ཆེན་འདེབས་རྒྱ་ཆེ་རུ་བཏང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྣུམ་རྒྱུའི་ཐོན་སྐྱེད་རྒྱ་སྐྱེད་གཏོང་བའི་གཏིང་ཤུགས་སྔོག་འདོན་བྱེད་དགོས། སྲིང་མངར་འགྱིག་གསུམ་སོགས་ཐོན་བརྟན་སྤུས་འདེགས་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱུགས་ལས་དང་ཉ་ལས་འཕེལ་རྒྱས་བརྟན་པོ་འགྲོ་བར་རོགས་སྐྱོར་དང་། དེང་རབས་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར། ཕྱོགས་ཡོངས་ནས་ཟས་རིགས་ཐོན་ཁུངས་གསར་སྤེལ་བཅས་བྱེད་དགོས། རྨོ་ཞིང་དམར་ཐིག་དམ་སྲུང་བྱེད་པ་དང་། བཟུང་གསབ་དོ་མཉམ་ཡོང་བར་དོ་དམ་ནན་པོ་བྱེད་དགོས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཞིང་ཁའི་ཆུ་བེད་སྒྲིག་བཀོད་དང་དེང་རབས་ཅན་གྱི་ཞིང་ཆུ་འདྲེན་ཁུལ་འཛུགས་སྐྲུན་ལ་ཤུགས་རྒྱག་པ། ཞན་འགྱུར་རྨོ་ཞིང་བཅོས་སྐྱོང་དང་བེད་མེད་དུ་བཞག་པའི་ས་ཞིང་བསྐྱར་སློག་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས། སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཞིང་ལས་འཕྲུལ་ཆས་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་དང་། ཞིང་ལས་ཚན་རྩལ་གྱི་གྲུབ་འབྲས་གཞི་ཁྱོན་ཆེན་པོས་ཁྱབ་གདལ་མགྱོགས་པོ་གཏོང་དགོས། ཕྱོགས་བསྡུས་སྲིད་ཇུས་སྤེལ་ཏེ་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་དུ་མཐའ་འཁྱོངས་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་བྱས་པའི་འབྲུ་རིགས་ཐོན་འཚོང་ཁུལ་གྱི་ཞིང་ཆེན་དབར་འཕྲེད་ཕྱོགས་ཁེ་ཕན་གུན་གསབ་བྱེད་འགོ་བཙུགས་ཏེ། འབྲུ་རིགས་ཐོན་འབབ་མང་བའི་རྫོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲུ་འདེབས་ཞིང་པ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཧུར་བརྩོན་རང་བཞིན་ལ་སྲུང་སྐྱོབ་བྱེད་དགོས། ས་ཁུལ་ཁག་ཚང་མས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་གི་འགན་འཁྲི་ཕྲག་ཏུ་བརྟན་པོར་ཁུར་ཏེ་མཉམ་དུ་ལྟོ་ཕོར་སྔར་བས་བརྟན་པོར་འཛིན་དགོས།

    དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལྷོད་གཡེང་གཏན་ནས་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ཕན་ནུས་ཆེ་རུ་གཏོང་བ་དང་། “འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་མཐོ་རུ་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་མི་འབྱུང་བའི་འགན་ལེན་ཏན་ཏིག་བྱེད་དགོས། ཡུལ་གཞན་དུ་གནས་སྤོ་བྱེད་པའི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་བརྒྱབ་ནས། རོགས་སྐྱོར་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ཡོང་བར་རིགས་དབྱེ་སྐུལ་འདེད་གཏོང་བ་དང་། ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྒུད་གསབ་ལས་སྤྲོད་བྱེད་རྒྱ་ཇེ་ཆེར་གཏོང་བ་བཅས་བྱེད་དགོས། ཤར་ནུབ་རོགས་ལས་དང་། དམིགས་བཙུགས་རོགས་སྐྱོར། འཛད་སྤྱོད་རོགས་སྐྱོར་བཅས་ཟབ་སྤེལ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁབ་ཀྱིས་གཏོང་འཇོག་བྱས་རིགས་རྒྱུ་ནོར་དུ་གྲུབ་པའི་ཕུགས་ཕན་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་དབུལ་ལོག་དབུལ་འགྱུར་སྔོན་འགོག་བྱེད་པའི་ལམ་སྲོལ་དང་། ཡོང་འབབ་དམའ་བའི་མི་འབོར། དར་རྒྱས་ཞན་པའི་ས་ཁུལ་བཅས་ལ་རིམ་པ་དང་རིགས་བཀར་ནས་རོགས་སྐྱོར་བྱེད་པའི་ལམ་ལུགས་གཅིག་འདོམས་ཀྱིས་འཛུགས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་སྤྱི་ཡོངས་ཀྱི་དཔྱད་དཔོག་བྱས་ནས། བར་བརྒལ་དུས་སྐབས་འདས་རྗེས་ཀྱི་རོགས་སྐྱོར་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།

    གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཞིང་འགན་གཙང་ལེན་རིམ་གཉིས་པའི་དུས་ཡུན་འཐིམས་རྗེས་ཡང་བསྐྱར་ལོ་30རིང་ནར་འགྱངས་གཏོང་བའི་ཚོད་ལྟར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། ཞིང་ཆེན་ཧྲིལ་པོར་ཚོད་ལྟའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། འགན་གཙང་བླངས་པའི་ས་ཞིང་གི་གཉེར་སྐྱོང་དབང་ཆའི་རྒྱུན་འཁོར་རིན་གོང་གྲུབ་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་དཔེ་གསར་འཕེལ་རྒྱས་གཏོང་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་དངུལ་འཇོག་དངུལ་བསྡུའི་ལམ་སྲོལ་གསར་གཏོད་བྱེད་དགོས། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་དགོས། ཐུན་མོང་ནགས་དབང་དང་། ས་རྒོད་གསར་སྦོལ། མཁོ་ཚོང་ཁང་། ཞིང་ལས་ཆུ་རིན་སོགས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ཡུལ་བབ་དང་བསྟུན་ནས་ལས་དར་དང་། རྫོང་སྟོབས་ཆེན། དམངས་ཕྱུག་བཅས་གཞི་གཅིག་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། “ཡུལ་ཐོན་ཁྱད་རྫས”ཀྱི་ལས་དོན་ཡག་པོར་སྒྲུབ་པ་དང་། ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་གཏོང་བ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ཕྲེང་བསྲིང་ཕྱོད་འདེགས་དང་ཞིང་འབྲེལ་ཞིང་ཁྲིད་བྱ་རྒྱུར་སྐུལ་སྤེལ་གཏོང་བ་བཅས་བྱས་ནས། ཞིང་པའི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས། ཤེས་དཔལ་ལྡན་པའི་ཡུལ་སྲོལ་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། ཞིང་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། གྲོང་གསེབ་ཀྱི་གོམས་སྲོལ་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ། སྡོད་མལ་ཁོར་ཡུག་བཅས་ལ་རྒྱུན་མཐུད་ངང་ལེགས་བཅོས་བྱེད་པ་དང་། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས།

    (བརྒྱད) གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་བར་མཐོངས་ཆགས་སྟངས་སྔར་བས་ལེགས་སྒྱུར་བྱེད་དགོས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་སྟེ། དགེ་མཚན་གསབ་རེས་ཀྱི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་དང་རྒྱལ་ཁབ་མངའ་ཁོངས་བར་མཐོངས་ཀྱི་མ་ལག་འཛུགས་དགོས།

    གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་འཐབ་ཇུས་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས། ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་བསྒྱུར་བར་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། རྒྱུན་སྡོད་ས་ཆར་གཞི་རྩའི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མཉམ་སྤོས་བུ་ཕྲུག་གི་འོས་འགན་སློབ་གསོར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཆ་རྐྱེན་དང་མཐུན་པའི་ཞིང་ལས་སྤོ་སྒྱུར་མི་འབོར་གྱི་སྡོད་ཁང་འགན་སྲུང་མ་ལག་ཏུ་འཇུག་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་བཅོལ་ལ་ཞུགས་པའི་ཐབས་ལམ་ཐོགས་མེད་ཡོང་བ་བཅས་བྱེད་དགོས། རྫོང་གྲོང་གི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆད་སྐྱོན་གང་མགྱོགས་ཁ་གསབ་བྱེད་པ་དང་། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་གསུམ་གྱི་མཉམ་འདྲེས་ཆུ་ཚད་མཐོ་རུ་གཏོང་དགོས། དེང་རབས་ཅན་གྱི་གྲོང་ཁྱེར་ཆེན་པོའི་མུ་ཁྱུད་འཕེལ་རྒྱས་གཏོང་བ་དང་བར་མཐོངས་ཆགས་སྟངས་ལེགས་སུ་བཏང་ནས། ཚད་བརྒལ་གྲོང་ཁྱེར་དང་གྲོང་ཁྱེར་ཆེན་པོའི་དེང་རབས་ཅན་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་བཏང་སྟེ་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས། གྲོང་ཁྱེར་གསར་སྒྱུར་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་སྒྱུར་བཀོད་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་ཕན་ནུས་ཆུང་བའི་ས་ཆ་ཡང་བསྐྱར་གསར་སྤེལ་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ། གྲོང་ཁྱེར་གྱི་ཆུ་ལོག་འགོག་པ་དང་འཁྱིལ་ཆུ་གཤོང་བའི་མ་ལག་གང་མགྱོགས་ཆ་ཚང་དུ་གཏོང་བ། འབར་རླངས་དང་། ཆུ་འདྲེན་འབུད། ཚ་ནུས། ས་འོག་སྦུག་ཁྱམས་སོགས་འཛུགས་སྐྲུན་དང་མཐུན་སྦྱོར་དོ་དམ་བྱེད་པར་ཤུགས་རྒྱག་པ་བཅས་བྱེད་དགོས། གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་གཏོང་བ་དང་། གེགས་མེད་ཀྱི་རྒན་རྒོན་ལ་འཚམ་པའི་ཆ་སྒྲིག་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གནས་འཕྲོད་དང་། ལྡེམ་ཤུགས། རིག་ལྡན་བཅས་ཀྱི་གྲོང་ཁྱེར་སྐྲུན་དགོས།

    ས་ཁོངས་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁོངས་ཁག་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་། ས་ཁོངས་ཀྱི་འཐབ་ཇུས་གནད་ཆེན། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་བཅས་ཀྱི་སྣོལ་བརྩེགས་ཕན་ནུས་འདོན་སྤེལ་བྱས་ཏེ། འཕར་སྣེ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་དགོས། ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས། དབུས་རྒྱུད་ས་ཁུལ་དར་རྒྱས་མགྱོགས་སུ་གཏོང་བ། ཤར་རྒྱུད་ས་ཁུལ་གྱིས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་བ་སོགས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས། པེ་ཅིང་ཐེན་ཅིན་ཧོ་པེ་གསུམ་དང་། འབྲི་ཆུའི་ཟུར་གསུམ་གླིང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་སོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་ལྡན་པའི་ས་ཁོངས་ཀྱི་གསར་གཏོད་ནུས་པ་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། འབྲི་ཆུའི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། དཔལ་འབྱོར་ཞིང་ཆེན་ཆེ་གྲས་ཀྱིས་འགན་གཙོ་བོ་འཁུར་བར་རྒྱབ་སྐྱོར་བྱེད་པ་དང་། བདག་རྐྱེན་འགན་སྲུང་དང་། ཚན་རྩལ་གསར་གཏོད། སྒྱུར་བཅོས་སྒོ་དབྱེ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཏན་འབེབས་བྱེད་དགོས། ས་ཁུལ་གཞན་དག་གིས་ཡུལ་བབ་དང་བསྟུན་པ་དང་སོ་སོའི་དགེ་མཚན་འདོན་སྤེལ་བྱེད་པར་བསྔགས་སྐུལ་བྱེད་དགོས། ཞུང་ཨན་ཁུལ་གསར་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་དགོས། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད། བྱང་ཤར་བཅས་ས་ཁུལ་གྱི་ཐོན་ལས་རོགས་ལས་ཟབ་སྤེལ་བྱས་ཏེ། ཐོན་ལས་གོ་རིམ་ལྡན་པའི་སྒོ་ནས་སྐས་རིམ་ལྟར་སྤོ་སྒྱུར་ཐུབ་པར་སྐུལ་འདེད་གཏོང་དགོས། གསར་བརྗེའི་གནས་རྙིང་ཁུལ་དང་མི་རིགས་ས་ཁུལ་འཕེལ་རྒྱས་གང་མགྱོགས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། མཐའ་དར་དམངས་ཕྱུག་དང་མཐའ་བརྟན་མཐའ་སྲུང་ལ་སྐུལ་འདེད་གཏོང་དགོས། ཐོན་ཁུངས་ཅན་གྱི་ས་ཁུལ་རིགས་སྒྱུར་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རྒྱལ་ཡོངས་ཀྱི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་དགོས།

    (དགུ) ཐཱན་གཅོག་དང་། སྦགས་འཕྲི། ལྗང་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་རིགས་སྒྱུར་མགྱོགས་སུ་གཏོང་དགོས། སྐྱེ་ཁམས་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག སྦགས་བཙོག་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་ལ་གཅིག་འདོམས་བྱས་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། གྲོན་ཆུང་ལེགས་བསྡུས་ཞིབ་གཉེར། ལྗང་མདོག་ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་ལ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་གཏོང་དགོས། སྲ་གཟུགས་ཟོག་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་སྤྱོད་འཆར་གཞི་བཟོས་ནས། སྦགས་བཙོག་དངོས་རྫས་གསར་པ་མཐུན་སྦྱོར་ངང་བཅོས་སྐྱོང་དང་ཁོར་ཡུག་གི་ཉེན་ཁར་ལྟ་འདོམས་བྱེད་པར་ཤུགས་རྒྱག་དགོས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་ལྟ་འདོམས་ལག་བསྟར་གཏིང་ཟབ་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོང་དང་མ་ལག་ལྡན་པའི་བཅོས་སྐྱོང་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་གྱུར་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ། “བྱང་གསུམ”ལས་གྲྭའི་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་ལས་གྲྭ་གནད་ཆེན་ལག་ལེན་བསྟར་བ་དང་། འབྲི་ཆུར་ལོ་བཅུའི་རིང་ཉ་རྒྱ་སྡོམ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་གི་གུན་གསབ་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་བསྟར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མི་དམངས་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་བཟང་པོར་བཅངས་པའི་རེ་སྒུག་གསར་པ་རྒྱུན་ཆད་མེད་པར་སྐོང་དགོས།

    ལྗང་མདོག་ཐཱན་ཉུང་གི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་སྐྱེ་ཁམས་སྐྲུན་དགོས། ལྗང་མདོག་ཐཱན་ཉུང་སྔོན་ཐོན་ལག་རྩལ་གྱི་དཔེ་སྟོན་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྗང་མདོག་བཟོ་བཀོད་དང་། ལྗང་མདོག་ནུས་རྒྱུ། ལྗང་མདོག་འགྲིམ་འགྲུལ་སོགས་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས། ཐོན་ཁུངས་བསྡོམས་འབོར་དོ་དམ་དང་ཕྱོགས་ཡོངས་ནས་གྲོན་ཆུང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ནུས་ཁུངས་དང་ཆུ་བེད་སྤྱོད་བྱེད་མཁན་སྡེ་ཚན་གཙོ་བོའི་ནུས་ཁུངས་དང་ཆུ་གྲོན་ཆུང་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཁུངས་ཟད་གྲོན་ཆེ་བའི་ལས་གཞིར་ལྟ་འདོམས་ནུས་ལྡན་དང་ཕན་འབྲས་ཐོན་པར་བྱེད་དགོས། བེད་མེད་དངོས་པོ་རེས་འཁོར་བེད་སྤྱོད་བྱ་རྒྱུར་ཤུགས་རྒྱག་པ་དང་། བསྐྱར་སྐྱེའི་རྒྱུ་ཆ་བེད་སྤྱོད་བྱ་རྒྱུ་ཁྱབ་གདལ་ཤུགས་ཆེན་གཏོང་དགོས། ལྗང་མདོག་འཛད་སྤྱོད་ཀྱི་སྐུལ་ལྕག་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་གཏོང་དགོས།

    ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ཡོང་བར་སྐུལ་འདེད་ཧུར་ཐག་དང་བརྟན་པོ་གཏོང་དགོས། རྒྱལ་ཁབ་ཀྱི་ཐཱན་ཚད་མཐོ་ཤོས་ཀྱི་ཚོད་ལྟ་བྱེད་གནས་ཁག་ཐེངས་གཉིས་པ་ཏན་ཏིག་གིས་སྤེལ་བ་དང་། ཐཱན་འབུད་ཚད་ཀླད་ཀོར་ཡིན་པའི་གླིང་ཁུལ་དང་ཐཱན་འབུད་ཚད་ཀླད་ཀོར་ཡིན་པའི་བཟོ་གྲྭ་ཁག་གཅིག་འཛུགས་དགོས། ཐཱན་འབུད་གཏོང་ལ་ཚོད་འཛིན་གཉིས་ལྡན་གྱི་ལམ་ལུགས་མ་ལག་གང་མགྱོགས་འཛུགས་པ་དང་། རྒྱལ་ཡོངས་ཀྱི་ཐཱན་འབུད་གཏོང་བྱེད་དབང་གི་ཉོ་ཚོང་ཁྲོམ་རའི་ལས་རིགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་དགོས། ཐཱན་འབུད་གཏོང་གི་བསྡོམས་རྩིས་རྩིས་བཤེར་སྤེལ་བ་དང་། ཐོན་རྫས་ཀྱི་ཐཱན་རྗེས་ཤུལ་དོ་དམ་མ་ལག་དང་ཐཱན་གྱི་མཚོན་རྟགས་དཔང་བདེན་ར་སྤྲོད་བྱེད་པའི་ལམ་ལུགས་བཙུགས་ཏེ། ལྗང་མདོག་ཚོང་དོན་གྱི་བཀག་རྒྱར་ཁ་གཏད་ཧུར་ཐག་འཇལ་དགོས། “ཐང་རྒོད་དང་། བྱེ་ཐང་། མྱ་ངམ་ཐང”བཅས་ཀྱི་ནུས་ཁུངས་གསར་པའི་རྟེན་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། མཚོ་ཐོག་གི་རླུང་ཤུགས་གློག་འདོན་འཕེལ་རྒྱས་གཏོང་བ། རང་སར་བསྡུ་འཛད་དང་ཕྱིར་སྐྱེལ་བགྲོད་ལམ་འཛུགས་སྐྲུན་བྱེད་པར་གཅིག་འདོམས་བཅས་བྱེད་དགོས། སོལ་གློག་ཐཱན་ཉུང་ཅན་དུ་སྒྱུར་བཀོད་བྱེད་པའི་ཚོད་ལྟ་དང་དཔེ་སྟོན་སྤེལ་དགོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ལས་གྲྭ་གནད་ཆེན་སྡེབ་གཅིག་ལ་འཆར་འགོད་བྱས་ནས། གོ་ལ་ཧྲིལ་པོའི་ཁོར་ཡུག་དང་གནམ་གཤིས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་དེར་སྣེ་ཁྲིད་བྱེད་དགོས།

    (བཅུ) དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་མཐོ་རུ་བརྟན་པོ་གཏོང་བ། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    ལས་ཞུགས་བརྟན་པོ་དང་རྒྱ་སྐྱེད་གཏོང་བའི་ཤུགས་ཚད་སྔར་ལས་ཆེ་རུ་གཏོང་དགོས། ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། མ་དངུལ་དང་ཐོན་ཁུངས་སྣ་ཚོགས་ལ་གཅིག་འདོམས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ་དང་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་རིགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅས་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་བཅས་ཀྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱས་ནས་ལས་བརྟན་ཕྱིར་སློག་དང་། ཁྲལ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བ། ལས་ཞུགས་ཁ་གསབ་སོགས་ཀྱི་སྲིད་ཇུས་བེད་སྤྱོད་དཔྱིས་ཕྱིན་པ་དང་བེད་སྤྱོད་ཡག་པོ་བྱེད་དགོས། ངལ་རྩོལ་མང་འདུས་ཅན་གྱི་ཐོན་ལས་ཀྱིས་ལས་ཞུགས་བསྡུ་ལེན་དང་བརྟན་པོ་ཡོང་ཐབས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ལག་རྩལ་གསར་པ་བཀོལ་སྤྱོད་དང་ལས་གནས་བརྗེ་སྒྱུར་ལ་གཅིག་འདོམས་ཡག་པོ་བྱས་ནས་ལས་ཞུགས་ཀྱི་གོ་སྐབས་གསར་པ་སྐྲུན་དགོས། ལས་ཞུགས་དང་ལས་གཏོད་ཀྱི་ཞབས་ཞུ་ལེགས་སུ་བཏང་སྟེ། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། དམག་ཞབས་ཐིམ་པའི་དམག་མི་བཀོད་སྒྲིག་དང་ལས་ཞུགས་ཀྱི་ཞབས་ཞུ་ཡག་པོར་སྒྲུབ་པ། དབུལ་སྒྲོལ་མི་འབོར་དང་གླ་རྒྱུག་ཞིང་པའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ། ལོ་ན་ཆེ་བ་དང་། དབང་པོ་སྐྱོན་ཅན། ལས་ཀ་ཤོར་ཡུན་ཅུང་རིང་བ་སོགས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རིགས་ཀྱི་རྨས་སྐྱོན་ཕོག་པར་འགན་སྲུང་བྱེད་པའི་ཚོད་ལྟ་རྒྱ་སྐྱེད་ལ་སྐུལ་འདེད་གཏོང་དགོས། ངལ་རྩོལ་པའི་གླ་ཆ་སྤྲོད་པར་འགན་སྲུང་ཏན་ཏིག་དང་། གླ་ཆ་ཆད་རིགས་གཙང་བཤེར་དང་བཅོས་སྐྱོང་། ལས་ཞུགས་ཐད་མཐོང་ཆུང་བྱེད་རིགས་མཐའ་གཅིག་ཏུ་ཡོ་བསྲང་བཅས་བྱེད་དགོས། གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་མཐོར་འདེགས་ཀྱི་གསོ་སྦྱོང་བྱ་སྤྱོད་སྤེལ་བ་དང་། བཟོ་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས་ལ་རྩལ་ནུས་ཤེས་ལྡན་མི་སྣ་དཀོན་པོ་འདོན་སྤྲོད་བྱེད་གྲངས་མང་དུ་གཏོང་དགོས། རྩལ་ནུས་ཁྲིད་ཕྱོགས་སུ་བྱས་པའི་གླ་ཆ་བགོ་བཤའི་ལམ་ལུགས་མགྱོགས་མྱུར་འཛུགས་པ་དང་། རྩལ་ནུས་ཤེས་ལྡན་མི་སྣའི་ཐོབ་ཐང་ཚད་གཞི་མཐོ་རུ་བཏང་སྟེ། མང་པོ་སྒྲུབ་མཁན་ལ་མང་ཙམ་ཐོབ་པ་དང་། ལག་རྩལ་ལྡན་མཁན་ལ་མང་ཙམ་ཐོབ་པ། གསར་གཏོད་བྱེད་མཁན་ལ་མང་ཙམ་ཐོབ་པ་བཅས་བྱེད་དགོས།

    གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་ཤུགས་རྒྱག་དགོས། བདེ་ཐང་སྔོན་ལ་འཇོག་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་ནས། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱི་ཕན་རང་བཞིན་ཁྲིད་ཕྱོགས་སུ་འཛིན་པའི་གཞུང་གཉེར་སྨན་ཁང་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། སྒྲིག་ཁོངས་འགུལ་རྣམ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། སྨན་བཅོས་ཞབས་ཞུ་གཙོ་ཁྲིད་དུ་བཟུང་བའི་དངུལ་སྡུད་ལམ་སྲོལ་འཛུགས་པ། གླ་ཆའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ནད་ཁང་དང་ནད་དཔྱད་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་ནད་པ་ལྟེ་བར་བཟུང་ནས་སྨན་བཅོས་ཞབས་ཞུར་ལེགས་བཅོས་རྒྱུན་མཐུད་བྱེད་དགོས། སྨན་བཅོས་ཐོན་ཁུངས་སྤུས་ལེགས་རྒྱ་སྐྱེད་གཤམ་སྤེལ་དང་ས་ཁོངས་དོ་མཉམ་གྱི་བཀོད་པ་ཆགས་པར་སྐུལའདེད་བཏང་ནས། སྨན་བཅོས་འཕྲོད་བསྟེན་གྱི་གཞི་བརྟན་ལས་གྲྭ་ལག་བསྟར་བྱེད་དགོས། ལྟ་སྐྱོང་དང་། བྱིས་ནད་ཚན་ཁག ནད་རྐྱེན། རྒན་རྒོན་གསོ་རིག་བཅས་ཀྱི་ཆེད་ལས་དཔུང་ཁག་འཛུགས་པར་ཤུགས་རྒྱག་པ་དང་། བསམ་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སྨན་རྫས་དང་ཟད་རྫས་གཅིག་སྡུད་ཉོ་བསྡུ་བྱེད་པའི་སྲིད་ཇུས་ལེགས་སྒྱུར་དང་། སྤུས་ཚད་ལ་དཔྱད་དཔོག་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱིས་སྔར་བས་བློ་བདེའི་སྒོ་ནས་སྨན་རྫས་སྤྱོད་ཐུབ་པ་བྱེད་དགོས། སྨན་རྫས་ཀྱི་རིན་གོང་གྲུབ་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། གསར་གཏོད་སྨན་རྫས་ཀྱི་དཀར་ཆག་བཟོ་བ། གསར་གཏོད་སྨན་རྫས་དང་སྨན་བཅོས་ཡོ་བྱད་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བཅས་བྱེད་དགོས། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་རྒྱུན་འཛིན་གསར་གཏོད་དང་འཕེལ་རྒྱས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་བྱ་གཞག་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་མ་ལག་འཛུགས་པར་ཤུགས་བརྒྱབ་ནས། འགོས་ནད་གཙོ་རིགས་སྔོན་འགོག་དང་ཚོད་འཛིན་ལ་གཅིག་འདོམས་ཡག་པོ་བྱེད་དགོས། གྲོང་མིའི་སྨན་བཅོས་འགན་བཅོལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་མི་རེར་ཆ་སྙོམས་སུ་ནོར་སྲིད་ཀྱི་གསབ་དངུལ་ཚད་གཞི་སླར་ཡང་སྒོར་30དང་སྒོར་5སོ་སོར་སྤོར་རྒྱུ། གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པས་གཅིག་འདོམས་བྱེད་པར་སྐུལ་འདེད་བརྟན་པོ་གཏོང་བ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དངུལ་བསྡུ་དང་ཐོབ་ཐང་ལེགས་སྒྲིག་ལམ་སྲོལ་ཆ་ཚང་དུ་གཏོང་བ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་ལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ། རིམ་དབྱེའི་ནད་བརྟག་སྨན་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་སྨན་རྫས་དང་ཟད་རྫས་ཀྱི་ཁུངས་འདེད་ལམ་སྲོལ་འཛུགས་པ་དང་སྨན་བཅོས་འགན་བཅོལ་ཐེབས་རྩར་ལྟ་འདོམས་ནན་པོ་བྱས་ཏེ་དངུལ་སྐར་ལི་གཅིག་ཡིན་ཡང་མི་དམངས་ཀྱི་བདེ་ཐང་དང་བདེ་རྩ་ཆེ་རུ་གཏོང་བར་སྤྱོད་དགོས།

    སྤྱི་ཚོགས་འགན་སྲུང་དང་ཞབས་ཞུའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འཚོ་དངུལ་གྱི་ཚད་གཞི་དམའ་ཤོས་སླར་ཡང་སྒོར་20མཐོ་རུ་གཏོང་རྒྱུ་དང་། ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་མཐོ་རུ་འོས་འཚམ་གཏོང་རྒྱུ། ཀ་རྟེན་གསུམ་པའི་རྒན་གསོའི་འགན་བཅོལ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། མི་སྒེར་གྱི་རྒན་གསོའི་འཚོ་དངུལ་ལམ་ལུགས་ལག་བསྟར་ཡག་པོ་བྱེད་དགོས། མི་འབོར་ན་རྒས་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བ་དང་། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། སྡེ་ཁུལ་གྱིས་རྒྱབ་སྐྱོར་བྱེད་པའི་ཁྱིམ་སྡོད་རྒན་གསོར་སྐུལ་འདེད་བཏང་སྟེ། ནུས་ཉམས་རྒན་རྒོན་ལ་ལྟ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒན་རྒོན་ལ་ཟ་མའི་ཞབས་ཞུ་སྒྲུབ་པ་དང་དྲག་སྐྱེད་རམ་འདེགས་ཡོ་བྱད་ཉོ་སྒྲུབ་དང་བོགས་གཏོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཀུན་ཕན་རྒན་གསོའི་ཞབས་ཞུ་རྒྱ་སྐྱེད་གཏོང་བ། གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཡུན་རིང་ལྟ་སྐྱོང་གི་འགན་བཅོལ་ལམ་ལུགས་གང་མགྱོགས་འཛུགས་དགོས། བུ་བཙའ་སྐུལ་སྤེལ་སྲིད་ཇུས་གཏན་འབེབས་དང་། ཕྲུ་གུ་གསོ་བའི་ཁ་གསབ་སྤྲོད་པ། བུ་བཅོལ་གཞི་གཅིག་ཅན་གྱི་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཀུན་ཕན་བཅོལ་གསོའི་ཞབས་ཞུའི་འདོན་སྤྲོད་བྱེད་ཚད་མང་དུ་གཏོང་དགོས། ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་རིམ་བཞིན་ཕྱིར་འགྱངས་བྱེད་པའི་སྒྱུར་བཅོས་ལག་བསྟར་བརྟན་པོ་བྱེད་དགོས། དམག་མི་དང་དམག་མིའི་ནང་མི་དང་། དམག་ཞབས་ཐིམ་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་ལ་གཟིགས་སྐྱོང་དང་གོད་གསབ་བྱེད་པའི་ལས་ཀ་ལེགས་པར་སྒྲུབ་དགོས། དཀའ་ངལ་ཡོད་པའི་བྱིས་པ་དང་། སྐོར་སྐྱོད་བྱིས་པ། གཞིས་ལུས་བྱིས་པ་བཅས་ལ་གཅེས་སྐྱོང་དང་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་དགོས། དབང་པོ་སྐྱོན་ཅན་ཚབས་ཆེན་བཅོལ་གསོ་དང་ལྟ་སྐྱོང་བྱེད་པའི་ཞབས་ཞུ་ལེགས་པར་སྒྲུབ་པ་དང་། དབང་སྐྱོན་སྔོན་འགོག་དང་དྲག་སྐྱེད་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ཡོང་འབབ་དམའ་བའི་མི་འབོར་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོབ་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིགས་དང་རིམ་པ་དབྱེ་ནས་སྤྱི་ཚོགས་རོགས་སྐྱོབ་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས།

    བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་རྒྱག་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དང་། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན། རྩོམ་རིག་སྒྱུ་རྩལ། ཡིག་ཚགས་སོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་། རིག་མཛོད་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་ཟབ་སྤེལ་བྱེད་དགོས། ནར་མ་སོན་པའི་མིའི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས། དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་གི་ཕུགས་ཕན་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་དྲ་རྒྱའི་རིག་གནས་འཕེལ་རྒྱས་བཏང་ནས་དུས་རབས་གསར་པའི་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་རིག་གནས་ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་ཐད་ཀར་འབྱོར་བར་སྐུལ་འདེད་གཏོང་དགོས། རིག་གནས་ཐོན་ལས་ཀྱི་མ་ལག་དང་ཁྲོམ་རའི་མ་ལག་ཆ་ཚང་དུ་གཏོང་བ་དང་རིག་གནས་ཀྱི་ལས་རྣམ་དཔེ་གསར་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རིག་གནས་ཤུལ་བཞག་ལ་མ་ལག་རང་བཞིན་གྱི་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བ་དང་རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བེད་སྤྱོད་དང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གི་ཆུ་ཚད་མཐོ་རུ་གཏོང་དགོས། རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་ཕྱོགས་ཡོངས་ནས་རྒྱལ་སྤྱིའི་སྒྲོག་སྤེལ་གྱི་ཕན་ནུས་ཆེ་རུ་གཏོང་དགོས། རྩལ་འགྲན་ལུས་རྩལ་གྱི་དོ་དམ་སྒྲིག་སྲོལ་དང་འཁོར་སྐྱོད་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དང་འཛམ་གླིང་གི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་ཡག་པོ་གཉེར་དགོས། གངས་འཁྱགས་ལུས་རྩལ་དང་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་དགོས། མང་ཚོགས་ཉེ་འགྲམ་གྱི་ལུས་རྩལ་ར་བའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས། གཞོན་ནུ་ལོ་ཆུང་གི་ཚན་རིག་དང་མཐུན་པའི་ལུས་སྦྱོང་ཁྱབ་གདལ་དང་བདེ་ཐང་ལ་ཐེ་ཇུས་བྱ་རྒྱུར་ཤུགས་བརྒྱབ་སྟེ། ལུས་རྩལ་ཁྲོད་གཞོན་སྐྱེས་ཚོའི་སྙིང་སྟོབས་འཕེལ་བ་དང་ལུས་སེམས་བདེ་ཐང་ཡོང་བར་བྱེད་དགོས།

    རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་། སྤྱི་པའི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་རྒྱག་པ། གཞི་རིམ་གྱི་འཕྲལ་སྡོམ་རྨང་གཞི་དང་སྟོབས་ཤུགས་ཆེ་རུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ཟབ་སྤེལ་དང་། ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་གྲལ་བཤེར་དང་བཅོས་སྒྲིག་ཡག་པོ་བྱས་ཏེ། དོན་རྐྱེན་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཟས་རིགས་དང་སྨན་རྫས་ལ་ལྟ་འདོམས་ནན་པོ་བྱས་ནས་སློབ་གྲྭའི་སློབ་མའི་ཟ་མ་དང་ལས་སྟེགས་ཀྱི་ཕྱི་འཚོང་གི་བདེ་འཇགས་ལྟ་འདོམས་ལས་ཀར་དམ་འཛིན་ཡག་པོ་བྱེད་དགོས། གནམ་གཤིས་ཀྱི་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་དགོས། ཆུ་ལོག་ཞོད་སྐྱོན་དང་། ཐན་སྐྱོན། རྒྱ་མཚོའི་རླུང་འཚུབ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན། ས་གཤིས་ཀྱི་གནོད་སྐྱོན། ས་ཡོམ་སོགས་ཀྱི་རང་བྱུང་གནོད་འཚེ་འགོག་ཟོན་དང་ཁ་གཏད་འཇལ་བའི་ལས་ཀ་ལེགས་པར་སྒྲུབ་དགོས། བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ཡག་པོ་སྒྲུབ་པ་དང་གཙོ་གནད་ས་ཁུལ་གྱི་ཁང་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཡོམ་འགོག་ནུས་པ་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་བ་དང་ཤང་དང་གྲོང་རྡལ་ཁྲོམ་གཞུང་གི་ཞབས་ཞུ་དང་དོ་དམ་སྟོབས་ཤུགས་ལ་ཤུགས་རྒྱག་པ་དང་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་བྱ་གཞག་ཚན་པར་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། སྤྱི་ཚོགས་རྩ་འཛུགས་དང་། མི་ཆོས་རོགས་སྐྱོབ། དང་བླངས་ཞབས་ཞུ། སྤྱི་ཕན་དགེ་སྒྲུབ་བཅས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་ལས་རིགས་རང་གཅུན་ནུས་པ་ཡག་པོ་འདོན་དགོས། བུད་མེད་དང་། བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས། གཞི་རིམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཡིག་འབུལ་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། འགལ་ཟླ་དང་རྩོད་གཞི་གཞི་རིམ་ནས་འདུམ་སེལ་དང་ཐོན་མ་ཉིད་ནས་འདུམ་སེལ་བྱེད་དགོས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དོ་སྙོམས་རང་བཞིན་དང་འཐོབ་འཐུས་རང་བཞིན་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུའི་མ་ལག་དང་ཉམས་ཉེན་ཐེ་ཇུས་ལམ་སྲོལ་ཆ་ཚང་དུ་བཏང་ནས་རང་བརྩི་རང་བཀུར་དང་། ཚུལ་མཐུན་ཞི་དུལ། ཡ་རབས་ཡར་བརྩོན་བཅས་ཀྱི་སྤྱི་ཚོགས་སེམས་ཁམས་སྐྱེད་སྲིང་བྱེད་དགོས། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་བདེ་སྐྱོང་གི་སྔོན་འགོག་དང་ཚོད་འཛིན་མ་ལག་ཧྲིལ་པོ་འཐུས་སྒོ་ཚང་དུ་གཏོང་བ། ནག་གཤེད་ཕྱོགས་གཏོགས་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སོགས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་དྲག་པོ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་བརྟན་ལྷིང་སྒྲིག་ལྡན་ཡོང་བར་འགན་སྲུང་བྱེད་དགོས།

    ད་ལོ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བའི་ལས་ཀ་སྤེལ་རྒྱུ་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱེད་པ་དང་། འཐབ་ཇུས་ཀྱི་ལས་འགན་གནད་ཆེན་དང་། སྲིད་ཇུས་དང་བྱེད་ཐབས་གནད་ཆེན། ལས་གྲྭ་དང་ལས་གཞི་གནད་ཆེན་བཅས་འཆར་འགོད་ཡག་པོ་བྱས་ཏེ་འཆར་འགོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྲིད་སྟོན་དང་མཛུབ་སྟོན་བྱེད་པའི་ནུས་པ་སྔར་ལས་ལྷག་པར་འདོན་དགོས།

    འགྲན་སློང་གསར་པར་ཁ་གཏད་འཇལ་བ་དང་ལས་འགན་གསར་པ་ལེགས་འགྲུབ་བྱེད་པ་ལས། སྲིད་གཞུང་གི་ལས་དོན་ལ་བླང་བྱ་གསར་པ་སྔར་བས་མཐོ་བ་བཏོན་ཡོད། སྲིད་གཞུང་རིམ་པ་ཁག་དང་དེའི་ལས་དོན་མི་སྣས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་དགོས་ཤིང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། བློ་བརྟན་འགྱུར་མེད་ངང་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་གྱི་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་སྲིད་གཞུང་གི་འགན་སྒྲུབ་ནུས་པ་ཆེ་རུ་བཏང་སྟེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།

    ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་རྒྱག་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས་འགན་འཁྲི་གཙང་སྒྲུབ་བྱས་ཏེ་སྲིད་གཞུང་གི་སྒྲིག་གཞི་དང་། འགན་ནུས། དབང་ཚད། ལས་རིམ། འགན་འཁྲི་བཅས་ཁྲིམས་བཀོད་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་དང་། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་བཅས་བྱེད་དགོས། རྩིས་བཤེར་གྱི་ལྟ་སྐུལ་ལ་ཤུགས་རྒྱག་དགོས། ཚན་རིག་དང་མཐུན་པར་ཇུས་གཅོད་དང་། དམངས་གཙོས་ཇུས་གཅོད། ཁྲིམས་ལྟར་ཇུས་གཅོད་བཅས་རྒྱུན་འཁྱོངས་བྱེད་པ་དང་། སྲིད་གཞུང་གི་ཁྲིམས་འཛུགས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ཇུས་གཅོད་གནད་ཆེན་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྲིམས་དང་མཐུན་མིན་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་དོན་ཡོངས་བསྒྲགས་ཟབ་སྤེལ་བྱེད་དགོས། གཟབ་ནན་ཚད་ལྡན་དང་དྲང་གཞག་ཚུལ་ལྡན་བཅས་ཀྱི་ཁྲིམས་བསྟར་ལ་སྐུལ་འདེད་གཏོང་བ་དང་སྲིད་འཛིན་ཁྲུན་གཅོད་དབང་ཆའི་ཚད་གཞིའི་ལམ་ལུགས་དོན་འཁྱོལ་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་ལམ་ལུགས་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་པའི་རྩ་འཛུགས་ཀྱིས་ནུས་པ་སྔར་ལས་ལེགས་པར་འདོན་པར་རྒྱབ་སྐྱོར་བྱེད་དགོས། སྲིད་གཞུང་གི་ལས་དོན་མི་སྣས་འགན་འཁྲི་ནན་སྒྲུབ་དང་སྤྱོད་གཙང་སྤྱི་གཞོལ་བྱེད་པ་དང་། ཁྲིམས་སྐྱོང་ལག་བསྟར་ནན་ཏན་དང་ཁྲིམས་ལྟར་ལས་དོན་བསྒྲུབས་ནས། ཏང་དང་མི་དམངས་ཀྱིས་བསྩལ་བའི་དབང་ཆ་དེ་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་དུ་སྤྱོད་པར་འགན་ལེན་ཏན་ཏིག་བྱེད་དགོས།

    སྲིད་འཛིན་གྱི་ཕན་འབྲས་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། བདེན་འཚོལ་དངོས་སྒྲུབ་རྒྱུན་འཁྱོངས་ཀྱིས་དོན་དངོས་དང་བསྟུན་ནས་གནད་དོན་ཐག་གཅོད་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་ངོས་ཀྱི་དོན་དངོས་ཟུང་འབྲེལ་བྱེད་མཁས་པོ་བྱས་ཐོག སྣེ་ཁྲིད་རང་བཞིན་དང་ཡར་སྐུལ་རང་བཞིན་ཆེ་བའི་ལས་ཀའི་འཛིན་བྱེད་དང་གཞི་རྟེན་ཇུས་འགོད་བྱས་ནས་གསར་གཏོད་རང་བཞིན་གྱི་ལག་བསྟར་དོན་འཁྱོལ་བྱེད་ནུས་ཆེ་རུ་གཏོང་དགོས། གྲངས་འཛིན་སྲིད་གཞུང་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ། “ནུས་ཆེའི་སྒོ་ནས་དོན་དག་གཅིག་སྒྲུབ་པ”ཡི་གཙོ་གནད་དོན་ཚན་གྱི་གསལ་ཐོའི་དོ་དམ་དང་རྒྱུན་རྣམ་ཅན་གྱི་སྐུལ་འདེད་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་ལ་ཁེབས་པའི་གཞི་གཅིག་ཅན་གྱི་དྲ་ཐོག་སྲིད་དོན་ཞབས་ཞུའི་ལས་སྟེགས་འཐུས་སྒོ་ཚང་དུ་གཏོང་དགོས། དྲང་ཕྱོགས་ནས་སྐུལ་མ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་ཚུལ་རིང་ལུགས་ལ་རྒྱུན་མཐུད་ངང་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། གཞི་རིམ་ལ་ཁ་ཕྱོགས་པའི་སྣེ་མང་བསྐྱར་ཟློས་དང་། དམིགས་ཚད་ཐར་ཐོར། བྱེད་སྟངས་ཉག་ཉོག་བཅས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་ཚད་ཉུང་དུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པས་དུས་ཚོད་དང་སེམས་ནུས་སྔར་ལས་མང་པོ་བྱ་བ་དངོས་སྒྲུབ་པའི་ཐད་སྤྱོད་དུ་འཇུག་དགོས། སྲིད་གཞུང་རིམ་པ་ཁག་གི་ལས་སྒྲུབ་མི་སྣས་དངོས་སྒྲུབ་གཙོར་འཛིན་དང་གོམ་པ་བརྟན་བགྲོད་ཀྱིས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་གཏོད་དགོས།

    ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བཟུང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་མི་རིགས་ས་ཁུལ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་བྱ་གཞག་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་རྒྱག་དགོས། ཕྱིར་སྡོད་རང་མིའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ནང་མི་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་འོད་སྟོང་འབར་བའི་བྱ་གཞག་མཉམ་དུ་གཏོད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    འདས་ཟིན་པའི་ལོ་གཅིག་རིང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་འཕེལ་རྒྱས་གསར་པ་གལ་ཆེན་བྱུང་ཡོད། ལོ་གསར་པའི་ནང་ང་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག ཕྱོགས་ཡོངས་ནས་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་སྦྱོང་སྒྲིག་རྒྱུན་མཐུད་ངང་ཟབ་སྤེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། དམག་སྦྱོང་དམག་གྲབས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། འཐབ་འཛིང་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དམག་དོན་རིགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་དགོས། དམག་དཔུང་འཛུགས་སྐྲུན་ཐད་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་བའི་ལས་ཀར་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱལ་སྲུང་འཕེལ་རྒྱས་ཀྱི་ལས་གྲྭ་གནད་ཆེན་ལག་བསྟར་གང་མགྱོགས་བྱེད་པ། དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་པར་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། དམག་དཔུང་དང་ས་གནས་བརྒལ་བའི་སྒྱུར་བཅོས་ལ་ཕྱར་བ་གྲུ་འདེགས་ཀྱིས་སྐུལ་འདེད་གཏོང་བ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་མ་ལག་དང་བཀོད་པ་ལེགས་སྒྱུར། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་ཀྱི་མ་ལག་དང་ནུས་པ་འཛུགས་སྐྲུན་གྱི་ལས་ཀའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་བཅས་བྱེད་དགོས། རྒྱལ་སྲུང་སློབ་གསོ་དང་། རྒྱལ་སྲུང་སྐུལ་སློང་། རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་རྒྱག་དགོས། སྲིད་གཞུང་རིམ་པ་ཁག་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། གཉིས་བཀུར་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྲ་ཞིང་བརྟན་པའི་དམག་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

    ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བྱེད་པ་བཅས་ཀྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་ཆ་ཚང་ཞིང་གནད་ལ་འཁེལ་བ་བྱེད་དགོས་ཤིང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ཅན་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་པ་དང་། “རྒྱལ་གཅེས་པས་ཤང་ཀང་སྐྱོང་བ”དང་། “རྒྱལ་གཅེས་པས་ཨའོ་མོན་སྐྱོང་བ”ཡི་རྩ་དོན་དོན་འཁྱོལ་བྱེད་དགོས། ཤང་ཀང་དང་ཨའོ་མོན་གྱིས་དཔལ་འབྱོར་གོང་སྤེལ་དང་དམངས་འཚོ་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་འགྲོ་འོང་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་སྔར་ལས་ལྷག་པའི་སྒོ་ནས་མཉམ་འདྲེས་བཅས་བྱས་ཏེ་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་མཐའ་འཁྱོངས་བྱེད་དགོས།

    ང་ཚོས་དུས་རབས་གསར་པའི་ཏང་གིས་ཐའེ་དབན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ལག་ལེན་མཐར་ཕྱིན་བསྟར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་མཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱེད་དགོས། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་མཉམ་ལས་ལ་སྐུལ་སྤེལ་གཏོང་བའི་ལམ་ལུགས་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་དགོས། ངོགས་གཉིས་ཀྱི་སྤུན་ཟླའི་བདེ་རྩ་ཆེ་རུ་གཏོང་བ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། ལག་གདང་སྦྲེལ་ནས་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་མཉམ་དུ་གཏོད་དགོས།

    ང་ཚོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཞི་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱི་རྣམ་པ་མཐའ་དག་ལ་ངོ་རྒོལ་བཅས་བྱས་ཏེ་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་དགོས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་བྱེད་པར་ཧུར་ཐག་ཞུགས་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛམ་གླིང་ཞི་བདེ་འཕེལ་རྒྱས་ཡོང་བའི་དགའ་སྐྱིད་ལྡན་པའི་མ་འོངས་པ་མཉམ་དུ་གཏོད་འདོད་ཡོད།

    འཐུས་མི་རྣམ་པ། གདེང་ཚོད་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཅིང་། དངོས་སྒྲུབ་ཀྱིས་ངོ་མཚར་ལེ་ཚན་རྩོམ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་སྟེ། དཀའ་སྡུག་གདོང་བསུ་དང་ཡར་རྒྱས་བརྩོན་ལེན་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་འགྲུབ་ཧུར་ཐག་བྱེད་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཡོངས་སུ་རྫོགས་པར་མཇུག་བསྡུ་བའི་འགན་ལེན་ཏན་ཏིག་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བར་འབད་འཐབ་ལྷོད་མེད་བྱེད་དགོས། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་འབྱོར་བའི་གློག་འཕྲིན)

    (རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁང་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།