ཀྲུང་ཧྭའི་ཤེས་དཔལ་ལ་བསྟུན་མཁས་རང་བཞིན་མངོན་གསལ་དོད་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གསུངས་དོན། “ཀྲུང་ཧྭའི་ཤེས་དཔལ་ལ་བསྟུན་མཁས་རང་བཞིན་མངོན་གསལ་དོད་པོ་ཡོད། ཀྲུང་ཧྭའི་ཤེས་དཔལ་གྱིས་རིག་གནས་རྐྱང་པས་སྣ་མང་རིག་གནས་ཀྱི་ཚབ་མི་བྱེད་པར། སྣ་མང་རིག་གནས་དེ་ཐུན་མོང་གི་རིག་གནས་སུ་གཅིག་སྡུད་བྱས་ནས་གདོང་ཐུག་སེལ་བ་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་ཀྱི་ཡོད། ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས་དེ་ས་ཁོངས་ལུང་ཆུང་དང་། རིགས་རྒྱུད་གདུང་རབས། ཆོས་ལུགས་དད་མོས་སོགས་ལས་བརྒལ་བ་དང་། ནང་ཁུལ་གྱི་ཧེ་བག་ཧ་ཅང་ཆེ་བའི་ས་གཞི་ཆེན་པོའི་མི་རིགས་མང་པོ་གཞི་གཅིག་ཅན་གྱི་ཀྲུང་ཧྭ་མི་རིགས་སུ་བསྡུ་སྒྲིལ་བྱས་ཡོད” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་འདིས་ཀྲུང་ཧྭའི་ཤེས་དཔལ་གྱི་ཕུལ་བྱུང་གཤིས་རྒྱུད་དང་ཁོང་ཡངས་དཀྱེལ་ཆེ་རྒྱས་བཤད་གང་ལེགས་བྱས་ཡོད།
ཀྲུང་ཧྭའི་ཤེས་དཔལ་ལ་བསྟུན་མཁས་རང་བཞིན་ལྡན་པའི་དབང་གིས་ཆུ་བརྒྱ་གཅིག་སྡུད་ལྟར་སྣ་མང་གཞི་གཅིག་ཏུ་མཉམ་འདྲེས་བྱས་ཡོད། ལོ་ངོ་2300ལྷག་ཙམ་གོང་གི་ཀྲན་གོ་དུས་སྐབས་སུ་ཀྲའོ་རྒྱལ་རབས་ཀྱི་ཝུའུ་ལིང་རྒྱལ་པོས་གྲངས་ཉུང་མི་རིགས་ཀྱི་གྱོན་ཆས་དེ་ཀྲུང་ཡོན་མི་རིགས་ཀྱི་ལྷུག་ལ་ཕུ་ཐུང་རིང་བའི་གྱོན་ཆས་དང་མི་འདྲ་བར་ཕུ་ཐུང་ཕྲ་ལ་སྟོད་གོས་ཐུང་ཐུང་གྱོན་པ་དང་། འཚོ་བ་སྐྱེལ་སྟངས་བག་ཕེབས་པ་དང་རྔོན་རྒྱག་སྟངས་སྟབས་བསྟུན་ཡང་ཤ་དོད་པ། དམག་འཐབ་བྱེད་སྟངས་ཐད་ཀྲུང་ཡོན་གྱི་དམག་འཁོར་མདུང་རིང་དང་མི་འདྲ་བར་རྟ་དམག་དང་མདའ་གཞུ་སྤྱད་པས་དམག་འཐབ་ལ་སྟབས་བསྟུན་གྱི་རང་བཞིན་སྔར་བས་ཆེན་པོ་ལྡན་པ་མཐོང་སྐབས། ཁོང་གིས་རྒྱལ་པོའི་གཉེན་ཉེ་དང་རྒྱལ་ཁབ་ཀྱི་གཉེན་འབྲེལ་མང་པོ་ཞིག་གིས་ངོ་རྒོལ་མཐའ་གཅིག་ཏུ་བྱས་པར་མི་བལྟོས་པར་རྒྱལ་ཡོངས་ལ་བཙན་ཤེད་ཀྱིས“ཧུའུ་ཆས་གྱོན་པ”དང“རྟ་བཞོན་པ་དང་མདའ་འཕེན་སྟངས་སྦྱོང་བའི”བཀའ་བཏང་བ་རེད། སྒྱུར་བཅོས་བྱས་པའི་ཀྲའོ་རྒྱལ་རབས་ནི་སྐབས་དེར་ཆིན་རྒྱལ་རབས་ཕུད་པའི་རྒྱལ་ཁབ་སྟོབས་ཆེ་ཤོས་སུ་གྱུར་ཡོད། གཞན་ཡང་། ལོ་ངོ་1500ལྷག་ཙམ་གོང་གི་གྲངས་ཉུང་མི་རིགས་ཀྱི་སྲིད་དབང་པེ་ཝེའི་དུས་སུ་ཞའོ་ཝུན་གོང་མས་སྐུ་དྲག་རྙིང་པའི་ངོ་རྒོལ་དྲག་པོར་མི་བལྟོས་པར་སྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་སྔར་བས་སྔོན་ཐོན་གྱི་རྒྱ་མི་རིགས་ཀྱི་ལམ་ལུགས་དང་། གོམས་སྲོལ། སྐད་ཡིག་སོགས་སློབ་སྦྱོང་བྱས་པས། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་སྲིད་དབང་སྔར་བས་བརྟན་དུ་ཕྱིན་ཡོད། དངོས་བྱུང་ལོ་རྒྱུས་འདི་རིགས་རང་རྒྱལ་དུ་མང་པོ་ཡོད་པས་ང་ཚོའི་མི་རིགས་འདིའི་ཤེས་དཔལ་ལ་བསྟུན་མཁས་རང་བཞིན་ཧ་ཅང་ཆེན་པོ་ལྡན་པ་གསལ་བཤད་གང་ལེགས་བྱས་ཡོད་ལ། བསྟུན་མཁས་རང་བཞིན་འདིས་ང་ཚོའི་ཤེས་དཔལ་དེ་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཡར་ཐོན་བྱུང་ཡོད།
བོད་ཀྱི་རིག་གནས་ལའང་ཀྲུང་ཧྭའི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་བསྟུན་མཁས་རང་བཞིན་མངོན་གསལ་དོད་པོ་ཡོད། ནང་བསྟན་བོད་དུ་དར་རྗེས་གདོད་མའི་བོན་ཆོས་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཐེབས་པ་བསྟུན་མཁས་དང་ལེན་བྱས་པས། ད་ཆའི་ཆོས་ལུགས་གང་ཞིག་དང་མི་འདྲ་བར་ཁྱད་ཆོས་ཟབ་མོ་ལྡན་པའི་བོད་བརྒྱུད་ནང་བསྟན་ལ་གྱུར་ཡོད། བོད་ཀྱི་གསོ་རིག་གིས་ཀྲུང་ལུགས་གསོ་རིག་དང་ཏ་ཟིག་གསོ་རིག་སོགས་ས་གནས་ཁག་གི་གསོ་རིག་གྲུབ་འབྲས་དང་ཉམས་མྱོང་བསྡུ་ལེན་དང་དཔྱད་གཞིར་བྱས་ཏེ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་གསོ་རིག་དང་སྨན་བཅོས་མ་ལག་ཆགས་ནས་འཛམ་གླིང་དུ་སྐད་གྲགས་ཆོད་ཡོད། ད་ཆ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་འགྲོས་དང་བསྟུན་ནས་རྒྱང་ལམ་གསར་པར་སྐྱོད་བཞིན་པའི་བོད་ལྗོངས་ལ་བསམ་པའི་རིག་གནས་དང་དངོས་པོའི་རིག་གནས་ནས་ལམ་ལུགས་ཀྱི་རིག་གནས་བར་ཕུལ་བྱུང་ཤེས་དཔལ་གྲུབ་འབྲས་ཡོད་ཚད་དང་ལེན་བྱེད་པའི་བློ་རྒྱ་ལྡན་པས་མཉམ་སྡུད་མཉམ་གསོག་དང་སྐྱོན་སྤངས་དགེ་སྒྲུབ་བྱས་རྐྱེན་ད་གཟོད་ང་ཚོའི་རིག་གནས་ཐོག་མཐའ་བར་གསུམ་དུ་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་བྱུང་བ་ལས་ལོ་རྒྱུས་ཀྱིས་དོར་མེད།
ཤེས་དཔལ་ནི་སྣ་མང་སྤེལ་རེས་དང་། སྤེལ་རེས་བྱས་པ་ཕན་ཚུན་དཔྱད་གཞིར་འཛིན་པ། ཕན་ཚུན་དཔྱད་གཞིར་འཛིན་པས་འཕེལ་རྒྱས་བྱུང་ཡོད། ཀྲུང་ཧྭའི་ཤེས་དཔལ་གྱིས་མུ་མཐུད་དུ་ཤེས་དཔལ་གཞན་དག་དང་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་བྱས་ན་ད་གཟོད་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་ལྟར། “ཇི་ཙམ་བསྟུན་མཁས་བྱས་ན་དེ་ཙམ་གྱིས་ཁས་ལེན་དང་སྲུང་སྐྱོང་ཐོབ་པ་དང་རྒྱུན་ཆད་མེད་པར་རྒྱུན་འཁྱོངས་བྱེད་ཐུབ” ང་ཚོས་ཐོག་མཐའ་བར་གསུམ་དུ་རིག་གནས་ཀྱི་བློ་རྒྱ་ཡངས་པོ་རྒྱུན་འཁྱོངས་བྱེད་པ་དང་བག་འཁུམས་ཡིད་ཚིམ་དང་། སྔ་སྲོལ་དམ་སྲུང་། རྙིང་ཞེན་བག་འཁུམས་བཅས་ཀྱི་རྗེས་ལུས་ཀྱི་རྣམ་འགྱུར་ཡོད་ཚད་དོར་ན། ད་གཟོད་ཀྲུང་ཧྭའི་ཤེས་དཔལ་རྒྱུན་ཆད་མེད་པར་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་འགྲོ་ཐུབ།