དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་གནས་ནང་དགོན་གནའ་དཔེ་ཁང་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-17

    ཉིན་ཤས་གོང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱི་གནས་ནང་དགོན་གནའ་དཔེ་ཁང་དབར་འཐབ་ཇུས་མཉམ་ལས་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་ཤིང་། དེའི་དམིགས་ཡུལ་ནི་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོབ་བྱས་ཏེ་དུས་རབས་གསར་པར་གནའ་དཔེ་ལེགས་སྒྲིག་དང་དཔེ་སྐྲུན་གྱི་ལས་དོན་གཏིང་ཟབ་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།

    བོད་ཡིག་གནའ་དཔེའི་ཚད་ལྡན་ཡིག་ཆ་གཙོ་བོ་ནི་བོད་བརྒྱུད་ནང་བསྟན་གསུང་རབ་ཀྱི་ཚད་ལྡན་ཡིག་ཆ་ཡིན་པར་སྐྱེས་ཆེན་དམ་པ་མི་རབས་མང་པོའི་དགོངས་པ་དང་རྣམ་དཔྱོད་ཀྱི་ཉིང་བཅུད་འདུས་ཡོད། བོད་ཡིག་གི་གནའ་དཔེ་ཆ་ལག་ཚང་པོས་ལེགས་སྒྲིག་དང་སྲུང་སྐྱོང་བྱས་པ་དེས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་རྒྱུར་ཕན་པ་ཡོད་ལ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ལོ་རྒྱུས་བརྒྱུད་རིམ་ལ་ཞིབ་འཇུག་གཏིང་ཟབ་བྱ་རྒྱུར་ཚད་ལྡན་ཡིག་ཆ་གལ་ཆེན་གྱིས་འདེགས་སྐྱོར་ཐུབ་སྟེ་མི་རིགས་ཁག་དབར་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བརྟན་པོ་འཛུགས་རྒྱུར་སྔར་བས་སྐུལ་མའང་ཐེབས་རྒྱུ་ཡིན་པ་རེད།

    གནས་ནང་དགོན་ནི་སྲོལ་རྒྱུན་གྱི་ལོ་རྒྱུས་ཡུན་རིང་དང་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ལྡན་པའི་དགོན་སྡེ་གལ་ཆེན་ཞིག་རེད། ད་རེས་ཀྱི་མཉམ་ལས་དེས་ཕྱོགས་གཉིས་པོས་གནའ་དཔེ་དཔེ་སྐྲུན་དང་། རྟེན་གཞི་མཉམ་སྐྲུན། རྣམ་གྲངས་འདུན་ཞུ། ཤེས་ལྡན་པ་གསོ་སྐྱོང་སོགས་ཐད་གོམ་སྟབས་གལ་ཆེན་ཞིག་སྤོས་ནས་ཕྱོགས་གཉིས་པོའི་མཉམ་ལས་གཏིང་ཟབ་དང་གཉིས་ཁེ་གཉིས་ཕན་ཡོང་བར་རྨང་གཞི་བརྟན་པ་ཞིག་འདིང་ཐུབ་རྒྱུ་མ་ཟད། རིག་གནས་རྒྱུན་འཛིན་དང་གསར་གཏོད་ཁྱབ་ཁོངས་སུ་དཔེ་སྐྲུན་ཁང་དང་དགོན་སྡེ་མཉམ་ལས་ཐད་འཚོལ་ཞིབ་གསར་པ་བྱེད་པར་རམ་འདེགས་ཐུབ་རྒྱུའང་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཕན་ཚུན་མཉམ་ལས་བྱས་པའི་གྲུབ་འབྲས་ཐོག་མ་སྟེ། 《ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེའི་གསུང་འབུམ》2025ལོའི་ཟླ་དྲུག་པར་དངོས་སུ་འགྲེམས་སྤེལ་བྱ་རྒྱུ་རེད། ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ(1507ལོ་ནས་1554ལོའི་བར)ནི་དུས་རབས་བཅུ་དྲུག་པའི་བོད་ཀྱི་བླ་མ་གལ་ཆེན་ཞིག་ཡིན་པས། ཀྲུང་དབྱང་སྲིད་གཞུང་དང་འགྲོ་འོང་ཟབ་ལ་ཉེ་འཁོར་མི་རིགས་ས་ཁུལ་ལ་ཆོས་རྒྱ་ཆེན་པོ་སྤེལ་བ་མ་ཟད། ཀརྨ་བཀའ་བརྒྱུད་པའི་ཐོས་བསམ་དང་སྒོམ་སྒྲུབ་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་སྲོལ་གཏོད་མཁན་གལ་ཆེན་ཞིག་ཀྱང་ཡིན་པས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རིང་ནུས་པ་ཆེན་པོ་འདོན་གནང་ཡོད། ཁོང་གི་གསུང་འབུམ་ལེགས་སྒྲིག་དང་དཔེ་སྐྲུན་བྱས་པར་རིག་གཞུང་གི་རིན་ཐང་དང་སྤྱི་ཚོགས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།