2024ལོར་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཁག་431ལག་བསྟར་བྱས་པར་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་12.49ཟིན་པ།
བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་ལ་འཕེལ་རྒྱས་མགྱོགས་པོ་བྱུང་བ།
འདི་ནི་G4218བོད་ལྗོངས་ལྷ་ས་ནས་གཞིས་རྩེ་བར་གྱི་ལམ་རྒྱུད་ཡིན་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་གི་གྲོང་གསེབ་གཞུང་ལམ་ཡིན་པ། (པར་ཚང་མ་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མཁོ་འདོན་བྱས)
འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ན་མོ་ཆེ་ཤང་གི་གྲོང་གསེབ་གཞུང་ལམ་ཡིན་པ།
2024ལོར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི་འཆར་འགོད་རྩ་གནད》བཀྲམ་པར་སྐུལ་འདེད་བཏང་ནས《བོད་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་ལམ་གྱི་དྲ་བའི་འཆར་འགོད》སོགས་མགྱོགས་པོ་བཟོས་པས། “1+N”ཡི་འཆར་འགོད་མ་ལག་རིམ་བཞིན་གྲུབ་ཡོད། ལོ་ཧྲིལ་པོར་གཞུང་ལམ་འགྲིམ་འགྲུལ་འཛུཌ་སྐྲུན་རྣམ་གྲངས་431ལག་ལེན་བསྟར་བ་དང་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་12.49ཟིན་ཡོད། G4218ལྷ་ས་ནས་གཞིས་རྩེ་བར་གྱི་ལམ་རྒྱུད་དང་S5ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་རྣམ་གྲངས་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་པ་དང་། གཙོ་གནད་གཞུང་ལམ་རྣམ་གྲངས་མང་པོ་མགྱོགས་མྱུར་སྐྲུན་བཞིན་ཡོད་ལ། བོད་ནས་འགྲོ་འོང་བྱེད་པའི་བགྲོད་ལམ་གཙོ་བོ་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་མགྱོགས་མྱུར་བྱེད་བཞིན་ཡོད།
དམངས་འཚོའི་འགྲིམ་འགྲུལ་གཏོད་པའི་ཐད་དམངས་སེམས་གཅིག་སྒྲིལ་དང་རྨང་གཞི་བརྟན་དུ་བཏང་བས་མང་ཚོགས་ཀྱི་འགྲོ་སྐྱོད་ཆ་རྐྱེན་ལེགས་སུ་ཕྱིན་ཞིང་། 2024ལོར་གྲོང་ཚོ་དང་ཤང་དབར་ཤར་གཏོང་ཐུབ་པའི་གཞུང་ལམ་དྲ་བ་རིམ་བཞིན་གྲུབ་པ་དང་། གྲོང་གསེབ་གཞུང་ལམ་ཤར་གཏོང་རྣམ་གྲངས་309ལག་ལེན་བསྟར་བར་ཤང་དང་གྲོང་རྡལ་17དང་སྲིད་འཛིན་གྲོང་ཚོ་192ལ་ཨར་འདམ་ལམ་གསར་པ་ཤར་གཏོང་ཐུབ་ནས། ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་97.99%དང་86.05%སོ་སོར་ཟིན་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་9.48ཟིན་ཡོད། གྲོང་གསེབ་གཞུང་ལམ་གྱི“ལམ་དཔོན་ལམ་ལུགས”ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། བོད་ལྗོངས་ཡོངས་སུ་ཁྱོན་ལམ་དཔོན་7620བཀོད་སྒྲིག་བྱས་པ་དང་ཆབས་ཅིག གྲོང་གསེབ་གཞུང་ལམ་གྱི་ཉེན་ཡོད་ཟམ་པ་72ལ་སྒྱུར་བཀོད་དང་ཚེ་སྲོག་བདེ་འཇགས་ཀྱི་འགོག་སྲུང་ལས་གྲྭ་སྤྱི་ལེ་569ལག་ལེན་བསྟར་ཡོད། ཤང་དང་གྲོང་རྡལ་4དང་སྲིད་འཛིན་གྲོང་ཚོ་89ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་བོད་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་623དང་སྲིད་འཛིན་གྲོང་ཚོ་3869ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ནས། འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་91.75%དང་72.42%སོ་སོར་ཟིན་ཡོད།
2024ལོར། བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་འབྲེལ་བའི་ཁྲིམས་སྐྱོང་གི་ཕན་འབྲས་རྒྱུན་ཆད་མེད་པར་མངོན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། 《བོད་རང་སྐྱོང་ལྗོངས་ཀྱི་འགྲོ་ལམ་སྐྱེལ་འདྲེན་སྲོལ་ཡིག》2025ལོའི་ཟླ་3ཚེས་1ཉིན་ནས་ལག་ལེན་བསྟར་ཞིང་། གཙོ་གནད་སྒྱུར་བཅོས་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། འགྲོ་ལམ་འགྲུལ་སྐྱེལ་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཉིང་ཁྲི་གྲོང་ཁྱེར་དུ་སྔོན་ལ་དོན་འཁྱོལ་བྱས་པ་དང་འབྲེལ། གཞུང་ལམ་བདག་སྐྱོང་འཁོར་སྐྱོད་ལམ་སྲོལ་སྒྱུར་བཅོས་བྱེད་འགོ་ཚུགས་ཏེ། རིག་ནུས་ཅན་གྱི་འོས་སྐུལ་འོས་དཔོད་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། འགྲོ་ལམ་སྐྱེལ་འདྲེན་གྱི་གཉེར་མང་བའི་ཞབས་ཞུའི་གནད་དོན“ཞིང་སྒྲོལ་ཀུན་སྒྲུབ”ཀྱི་ལས་སྒོ་སྒྲུབ་གཉེར་བྱེད་ཚད་98.6%ཟིན་པས། “སྐྱེལ་འདྲེན་ཁེ་ལས་ཀྱི་དོན་དག་གཅིག”དང“ལྷུ་ལག་ཆེ་རིགས་སྐྱེལ་འདྲེན་གྱི་དོན་དག་གཅིག”ཡག་པོ་སྒྲུབ་རྒྱུ་དེ་བོད་ལྗོངས་ཡོངས་སུ་སྔོན་ལ་དོན་འཁྱོལ་བྱས་ཡོད།
དེ་དང་ཆབས་ཅིག ལྗང་མདོག་འགྲིམ་འགྲུལ་རྒྱུན་མཐུད་བཏོད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་ཅིང་། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་164མང་དུ་དང་གསར་སྒྱུར་བྱས་པ་དེས་98%ལྷག་ཙམ་བཟུང་བ་དང་། ནུས་རྒྱུ་གསར་པའི་གླ་འཁོར(དྲ་འབོད་གླ་འཁོར་ཚུད་པ)3172མང་དུ་བཏང་བ་དང་འཕར་ཚད་32.1%ཟིན་ཡོད། ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་G318ལམ་རྒྱུད་ཀྱི་གློག་གསོག་རླངས་འཁོར་འཇོག་ས་50བསྐྲུན་ནས་སྤྱོད་འགོ་ཚུགས་པས་འགྲོ་སྐྱོད་དེ་བས་ལྗང་མདོག་དང་ཐཱན་ཉུང་དུ་ཕྱིན་ཡོད།