དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལོ་ལེགས་འབྲས་བཟང་ལྗིད་ཏིག་ཏིག ཞིང་པའི་ངོ་གདོང་འཛུམ་དམུལ་དམུལ།

    ​2024ལོར་རང་ལྗོངས་ཀྱི་འབྲུ་རིགས་ཐོན་འབབ་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-16

    ● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་ཐུབ་ཚེ། གཞི་ནས་རྒྱལ་ཁབ་སྟོབས་ཆེན་དང་བསྐྱར་དར་གྱི་རང་འགུལ་དབང་ཆ་སྟངས་འཛིན་བརྟན་པོ་བྱེད་ཐུབ”ཅེས་ནན་བཤད་གནང་ཡོད།

    ● 2024ལོའི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་110ཡི་སྐས་རིམ་གསར་པར་ཐོག་མར་སླེབས་པ་དང་། 2023ལོའི་ཏུན་ཁྲི་108.87ནས་ཏུན་ཁྲི་112.9བར་འཕར་བ། ཐོན་འབབ་ཏུན་ཁྲི་4.03བར་འཕར་ནས་འཕར་ཚད་3.7%ཟིན་པའི་ནང་ནས་ཏུན་ཁྲི་85ལས་ཐོག་མར་བརྒལ་ཏེ་ཏུན་ཁྲི་88.8ཟིན་པ།

    ཟླ་དགུ་པ་སླེབས་རིམ་བཞིན་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་གྱི་ཡུག་འབྲེལ་ནས་ཞིང་དུ་གསེར་མདོག་གི་གྲོ་སྙེས་མགོ་ལྕོག་ལྡེམ་ལྡེམ་བྱེད་ལ་བརྔ་བསྡུ་འཕྲུལ་འཁོར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད། བརྔ་བསྡུ་འཕྲུལ་འཁོར་གཏོང་མཁན་རྒྱལ་མཚན་གྱིས་ལོ་ལེགས་ཀྱིས་ཕྱུག་པའི་ཞིང་ཁར་བལྟ་བཞིན་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར།

    2024ལོའི་རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་ཕྱིར་མིག་བལྟས་ཚེ་དགའ་འོས་པའི་གྲུབ་འབྲས་ཐོབ་པ་སྟེ། འབྲུ་རིགས་ཐོན་འབབ་ཏུན་ཁྲི་110ཡི་སྐས་རིམ་གསར་པར་ཐོག་མར་སླེབས་པ་དང་། 2023ལོའི་ཏུན་ཁྲི་108.87ནས་ཏུན་ཁྲི་112.9བར་འཕར་བ། ཐོན་འབབ་ཏུན་ཁྲི་4.03བར་དངོས་འཕར་བྱུང་ནས་འཕར་ཚད་3.7%ཟིན་པའི་ནང་ནས་ཏུན་ཁྲི་85ལས་ཐོག་མར་བརྒལ་ཏེ་ཏུན་ཁྲི་88.8ཟིན་ཡོད།

    གསོན་ཉམས་ལྡན་པའི་གྲངས་ཀ་རེ་རེ་ནི་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་2024ལོའི་འབད་འཐབ་བྱས་འབྲས་དང་འབྲེལ་ཡོད་ཅིང་། ལོ་དེར། རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས“འབྲུ་རིགས་བརྟན་པོ་དང་། འབྲོག་ལས་དར་རྒྱས། ཁྱད་ཆོས་ཆེར་གཏོང”བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་གི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ནས། བྱེད་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་འབད་བརྩོན་གྱིས་འབྲུ་རིགས་ཐོན་སྐྱེད་ལས་དོན་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ། འབྲུ་རིགས་དང་ནས་ཐོན་འབབ་ཚང་མ་ལོ་རྒྱུས་ཀྱི་མཐོ་ཤོས་སུ་སླེབས་པ་བཅས་བྱས་པས། རྒྱ་ཁྱོན་དང་། ཐོན་ཚད། མུའུ་རེའི་ཐོན་ཚད་ཀྱི་ཆུ་ཚད་བཅས“གསུམ་ཀ་འཕར་བའི”རྣམ་པ་བཟང་པོ་མངོན་ཡོད།

    ཟས་ནི་མི་ཡི་འཚོ་རྟེན་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་ཐུབ་ཚེ། གཞི་ནས་རྒྱལ་ཁབ་སྟོབས་ཆེན་དང་བསྐྱར་དར་གྱི་རང་འགུལ་དབང་ཆ་སྟངས་འཛིན་བརྟན་པོ་བྱེད་ཐུབ”ཅེས་ནན་བཤད་གནང་ཡོད།

    འདས་ཟིན་པའི་ལོ་གཅིག་ནང་། རང་ལྗོངས་ཀྱིས་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་ནན་པོ་བྱས་ནས། 《བོད་རང་སྐྱོང་ལྗོངས་ཀྱི་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ཡི་གེར》རིམ་པ་བཞིན་མིང་རྟགས་བཀོད་པ་དང་། ཐབས་བརྒྱ་ཇུས་སྟོང་གིས“རྒྱ་ཁྱོན་བརྟན་པོ་དང་མུའུ་རེའི་ཐོན་འབབ་འཕར་བ”བྱས་ཏེ་ནུས་ཤུགས་ཡོད་རྒུས་འབྲུ་རིགས་ལ་ལོ་ལེགས་ཡོང་བར་བྱས་ཡོད།

    ལོ་ཧྲིལ་པོར་ལྗོངས་ཡོངས་སུ་ཁྱོན་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་299.1དོན་འཁྱོལ་བྱས་ནས་མུའུ་ཁྲི་7.2མང་དུ་ཕྱིན་ཏེ་རྒྱལ་ཁབ་ཀྱིས་དཀྲིས་པའི་ལས་འགན་མུའུ་ཁྲི་18.3ལས་བརྒལ་བར་ནས་འདེབས་ཁྱོན་མུའུ་ཁྲི་230.1ཟིན་ནས་མུའུ་ཁྲི་7.23མང་དུ་ཕྱིན་པ་དང་།

    འབྲུ་རིགས་གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་འཕར་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་ཏེ། འབྲུ་རིགས་ཐོན་ཁུལ་གཙོ་བོར་རྫོང་རིམ་པའི་ཏང་སྲིད་ཀྱི་འགན་ཁུར་བ་གཙོ་བོའི་འགན་འཁྲིའི་དཔེ་སྟོན་ཞིང་35བསྐྲུན་པ་དང་། ནས་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་མུའུ་ཁྲི་120བསྐྲུན་པ། འབྲུ་རིགས་དང་པད་ཁ་ལྗང་མདོག་སྤུས་ལེགས་ཕན་ཆེའི་རྒྱ་ཁྱོན་མུའུ་ཁྲི་190ལག་བསྟར་བཅས་བྱས་པ།

    ལྗོངས་ཡོངས་ཀྱི་འབྲུ་རིགས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་377.47ཟིན་པ་དེ་དུས་མཚུངས་ལས་སྤྱི་རྒྱ་4.5འཕར་ཞིང་། ནས་མུའུ་རེར་ཐོན་ཚད་སྤྱི་རྒྱ་385.92ཟིན་པ་དེ་དུས་མཚུངས་ལས་སྤྱི་རྒྱ་7.4འཕར་བ་སོཌ་རེད།

    “འབྲུ་རིགས་འདེབས་པའི་དུས་ཚིགས་འཆར་རིམ་བཞིན་རྫོང་གིས་ཞིང་འབྲོག་ཚན་རྩལ་པ་མཛུབ་ཁྲིད་བྱེད་པར་མངགས་ཀྱི་ཡོད”ཅེས་ནག་ཆུ་གྲོང་ཁྱེར་སོག་རྫོང་རྒྱལ་ཆེན་ཤང་གི་མང་ཚོགས་ཚེ་བརྟན་གྱིས་བཤད། ཞིང་ནང་དུ་ལག་རྩལ་མཛུབ་ཁྲིད་དང་ཁྱིམ་གྱི་སྒོ་འགྲམ་དུ་ཞབས་འདེགས་ཞུས་ཤིང་། 2024ལོར་རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་ཞིང་འབྲོག་ཚན་རྩལ་པ་ཁྱོན་5000ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཞིང་ལས་ཚན་རྩལ་འགན་འཁྲི་གཙང་ལེན་ཧུར་ཐག་བྱེད་པ་དང་། གོ་ཆོད་ལག་རྩལ་ཁག་35ཁྱབ་གདལ་བཏང་ནས། འབྲུ་རིགས་བརྟན་པོ་དང་མཁོ་སྤྲོད་འགན་ལེན་དང་ཐོན་འབབ་འཕར་སྣོན་ཐད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་བཏོན་ཡོད།

    ཞན་ཆ་སེལ་བ་དང་ཉམས་ཞན་སྟོབས་ཆེར་གཏོང་བར་ལོ་ལེགས་ཀྱི་རྨང་གཞི་བཏིང་ཞིང་། 2024ལོའི་ཟླ་11པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་443.49གསར་སྐྲུན་སྒྱུར་བཀོད་བྱས་པ་དང་། རྨོ་ཞིང་ལ་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་67.94གསར་སྣོན་དང་ལེགས་བཅོས་བྱས་པ། ལོ་ཏོག་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་67.2%ཡན་ཟིན་ཡོད། “ཧི་མ་ལ་ཡ་ཨང་22པ”དང“བོད་ནས་ཨང་2000”སོགས་སོན་བཟང་ཁྱབ་གདལ་གཏོང་ཚད་མུའུ་ཁྲི་200ཡན་ཟིན་ཡོད། ལོ་ཧྲིལ་པོར་ཐང་རྒོད་དུ་ས་ཞིང་མུའུ་ཁྲི་1.22བསྐྱར་འདེབས་བྱས་པ་དང་ཐོན་ཁུངས་ལྷག་མ་སྤྱད་དེ་ཆ་རྐྱེན་ཡོད་པའི་ས་ཁུལ་དུ་ས་ཞིང་མུའུ་ཁྲི་20ལྷག་ཙམ་བསྐྱར་འདེབས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།