ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཅང་ཤན་ཐེང་།
དོན་དག་ཆུང་ཙག་ནས་འགྱུར་ལྡོག་གཏོང་འགོ་ཚུགས་པ།
2020ལོའི་དབྱར་སྟོད་དུ། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ལྷ་གསོལ་ཤང་རྫམ་ས་ཚིགས་སློབ་ཆུང་དུ་གཏམ་བཟང་ཞིག་ཁྱབ།
ལོ་རིམ་དྲུག་པའི་སློབ་མ་བདེ་ཆེན་དབང་མོ་རྫོང་ཡོངས་ཀྱི་སྦྱངས་འབྲས་ཨང་དང་པོའི་གཡུར་ཟའི་གྲུབ་འབྲས་ཐོག་ནས་ལེའོ་དབྱང་གྲོང་ཁྱེར་སློབ་འབྲིང་དང་པོར་རྒྱུགས་འཕྲོད།
རྫམ་ས་ཚིགས་སློབ་ཆུང་གི་ངོས་ནས་བརྗོད་ན་གཟི་བརྗིད་འདི་ལྟ་བུ་ཐོབ་ཐེངས་དང་པོ་རེད། བདེ་ཆེན་དབང་མོའི་འཛིན་གྲྭའི་ཀྲུའུ་རེན་དང་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཅང་ཤན་ཐེང་གིས་ལོ་དྲུག་རིང་དཀའ་བ་ཁྱད་དུ་བསད་ནས་སློབ་མ་གསོ་སྐྱོང་ཧུར་ཐག་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ།
ལོ་དྲུག་གི་གོང་དུ། མཚོ་ངོགས་སུ་འཚར་ལོངས་བྱུང་བའི་ཧྲན་ཏུང་གི་ཕོ་གཞོན་དེ་སློབ་ཆེན་མཐར་ཕྱིན་ནས་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་ནང་ཞུགས་ཏེ། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་རྫམ་ས་ཚིགས་སློབ་ཆུང་དུ་དགེ་རྒན་ཞིག་བྱས། དེ་རྗེས་ཀྱི་ལོ་གཉིས་རིང་དང་བླངས་ཞབས་ཞུའི་ལས་ལ་ཞུགས་པ་བརྒྱུད། ཁོང་དང་རི་ཁུལ་གྱི་ཕྲུ་གུ་དེ་དག་གི་མི་ཚེར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
སྐད་ཆ་ཚིག་གཅིག་ནས་འགོ་ཚུགས་པ།
2014ལོའི་སྟོན་ཁར་དངོས་སྦྱོང་གི་ཉམས་མྱོང་ཕྲན་བུ་ལས་མེད་པའི་ཅང་ཤན་ཐེང་རྫམ་ས་ཚིགས་སློབ་ཆུང་ལོ་རིམ་ལྔ་པའི་སློབ་ཁང་ནང་འཛུལ་ནས་འཆད་སྟེགས་ཐོག་བསྐྱོད་པ་དང་། ལག་ཏུ་འཁྱེར་བའི་དཔེ་དེབ་སྒྲོག་རྩེའི་སྟེང་བཞག་སྟེ་གོམས་གཤིས་ལྟར“སློབ་ཚན་ཚུགས”ཞེས་བཤད།
གསར་དུ་ཡོང་བའི་དགེ་རྒན་གྱིས་སློབ་ཚན་ཚུགས་ཞེས་བཤད་པ་ཐོས་སྐབས། ཡར་ལངས་མཁན་ཕྲུ་གུ་ཁ་ཤས་ལས་མེད་པར། ཕལ་ཆེ་བས་གོ་མེད་ཚོར་མེད་དུ་རྒན་ལགས་ལ་ལྟ་བའམ་ཡང་ན་རྩེད་མོ་རྩེས་ནས་བསྡད།
དང་ཐོག་ཅང་ཤན་ཐེང་གིས་ཕྲུ་གུ་ཚོ་རྩེད་མོ་ཁོ་ནར་མགོ་འཁོར་ནས་རང་ཉིད་ཀྱི་སྐད་ཆ་མ་ཐོས་པ་རེད་སྙམ་མོད། འོན་ཀྱང་ཁོང་གིས་རང་ཉིད་ངོ་སྤྲོད་བྱེད་འགོ་རྩོམ་སྐབས་གཞི་ནས་ཧང་སངས།
འཛིན་གྲྭ་དེར་ཁྱོན་སློབ་མ་15ཡོད་པའི་ནང་རྒྱ་སྐད་གོ་མཁན་ཕྲུ་གུ་5ལས་མེད་པ་དང་། དེ་བྱིངས་ཀྱི་ཕྲུ་གུ་ཚོས་རྒྱ་སྐད་གོ་རྒྱུ་ལྟ་ཞོག ཐ་ན་རྒྱ་ཡིག་གི་སྒྲ་སྦྱོར་ཡང་ཤེས་ཀྱི་མེད་པས། ཅང་ཤན་ཐེང་སྐབས་ཤིག་རིང་རྦད་དེ་ཧ་ལས།
དེ་ལྟར་ཁོང་གིས་ཕྲུ་གུ་དེ་དག་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་བསླབས་ནས་ཁོང་ཚོའི་མ་འོངས་པར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུའི་སེམས་ཐག་བཅད། ཉིན་ཤས་རིང་རྒྱུས་ལོན་གཏིང་ཟབ་བྱས་པ་བརྒྱུད། ཅང་ཞན་ཐེང་གིས་འཛིན་གྲྭ་དེའི་སློབ་མ་ཚོའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཆུ་ཚད་ཞན་པོ་དེ་འདྲ་ཡོད་པའི་རྒྱུ་རྐྱེན་གསལ་པོ་རྟོགས་པ་མ་ཟད། ད་དུང་སློབ་མ་སོ་སོའི་གནས་ཚུལ་ལ་དབྱེ་ཞིབ་ཞིབ་ཕྲ་བྱས་ནས་ཁོང་ཚོ་སོ་སོར་འཚམ་པའི་སློབ་སྦྱོང་གི་ལས་འགན་རེ་བཀོད་སྒྲིག་བྱས།
ལོ་གཉིས་ཀྱི་རྗེས་སུ་ཅང་ཞན་ཐེང་གི་དང་བླངས་ཞབས་ཞུའི་དུས་ཡུན་ཐིམ་པ་དང་ཆབས་ཅིག འཛིན་གྲྭ་དེའང་སློབ་ཆུང་ནས་དམའ་འབྲིང་འགྲིམས་རན། ཡིད་སྐྱོ་འོས་པ་ཞིག་ལ་སྔར་རྒྱུན་ལྟར་རྫམ་ས་ཚིགས་སློབ་ཆུང་ནས་ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་མཁན་ཕྲུ་གུ་གཅིག་ཀྱང་བྱུང་མེད་པ་མ་ཟད། འཛིན་གྲྭ་ཡོངས་ཀྱི་ཆ་སྙོམས་སྦྱངས་འབྲས་ཀྱང་རྫོང་ཡོངས་ནས་ཞན་ཙམ་རེད།
འོན་ཀྱང་དགའ་འོས་པ་ཞིག་ལ་ཕྲུ་གུ་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱད་ནས་སྤེལ་རེས་བྱེད་པའི་ནུས་པ་སྔོན་མ་དང་མི་འདྲ་བར་མངོན་གསལ་དོད་པོས་ཆེ་རུ་ཕྱིན།
ལོ་གཉིས་ཀྱི་དང་བླངས་ཞབས་ཞུའི་དུས་ཡུན་ཐིམ་རུང་། ཅང་ཞན་ཐེང་གིས་སེམས་ཐག་གཙང་བཅད་ཀྱིས་མུ་མཐུད་དེ་གར་སྡོད་རྒྱུའི་གདམ་ག་བྱས།
2016ལོའི་སྟོན་ཁར། ཁོང་གིས་ལོ་རིམ་གཉིས་པའི་རྒྱ་ཡིག་དང་ཕྱོགས་བསྡུས་དགེ་རྒན་དང་འཛིན་གྲྭའི་ཀྲུའུ་རེན་གཅིག་ལྕོགས་བྱས། དེ་དུས་ཁོང་གིས་ཕྲུ་གུ་ཚོར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བྱང་ཆུབ་པོ་སློབ་རྒྱུ་མ་ཟད། གྲུབ་འབྲས་གཟེངས་སུ་ཐོན་པ་ལེན་ཐུབ་པ་བྱ་རྒྱུའི་དམ་བཅའ་ཡང་བརྟན་པོ་བཞག
དེ་རྗེས་ཁོང་གིས་འཛིན་གྲྭ་ཡོངས་ཀྱི་ཕྲུ་གུ་ཚོའི་སྣེ་ཁྲིད་ནས་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་སྐུལ་བས། ལོ་ལྟར་གྲོང་ཁྱེར་དང་རྫོང་གི་གཅིག་གྱུར་ཡིག་རྒྱུགས་ཁྲོད་འཛིན་གྲྭ་དེའི་རྒྱ་ཡིག་གི་ཆ་སྙོམས་སྦྱངས་འབྲས་དང་སློབ་ཚན་རྐྱང་པའི་སྦྱངས་འབྲས་ཚང་མ་རྫོང་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
དཔེ་དེབ་གཅིག་ནས་འགོ་ཚུགས་པ།
དགེ་རྒན་ཞིག་ཡིན་པའི་ཅང་ཞན་ཐེང་གིས་སློབ་སྦྱོང་བྱེད་པར་ཐོག་མར་དཔེ་ཀློག་ནི་གལ་འགངས་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད། རྫམ་ས་ཚིགས་སློབ་ཆུང་དུ་དང་ཐོག་སླེབས་སྐབས་དཔེ་མཛོད་ཁང་མེད་རྐྱེན་ཕྲུ་གུ་ཚོར་དཔེ་ཀློག་གི་གོམས་གཤིས་ཧ་ལམ་མེད། དེས་ན་ཁོང་གིས་དང་བླངས་པ་གཞན་དང་མཉམ་དུ་ཕུ་ཤུབས་དམར་པོའི་སློབ་རོགས་སོགས་སྤྱི་ཕན་རྩ་འཛུགས་ལ་བརྟེན་ནས་སློབ་གྲྭར་དཔེ་དེབ་དང་ཡིག་ཆས་སོགས་ཞལ་འདེབས་བརྒྱབ་པའི་ནང་དཔེ་དེབ་ཁོ་ན་ཁྲི་1.5ཟིན་གྱི་ཡོད།
2019ལོར་ཁོང་གིས་སླར་ཡང་དང་བླངས་པ་ཡིན་པའི་གྲོགས་པོ་བརྒྱུད“ཕུགས་འདུན་རྒྱུན་འཆང་གི་སྒུལ་བདེའི་སློབ་ཚན”གྱི་འགན་འཁུར་བ་དང་འབྲེལ་བ་བྱས་ཤིང་། “རྒན་པས་གཞོན་པ་ཁྲིད། གཅེས་སེམས་སློབ་རོགས་བྱེད”ཅེས་པའི་བྱེད་སྒོ་བརྒྱུད་སློབ་གྲྭར་དཔེ་དེབ་ཁྲི་1ལྷག་ཙམ་དང་། འཁྲབ་ཆས་50 ཚོན་རྒྱུ་ཤེལ་དམ་500 རྩེད་ཆས་སྒམ་2སོགས་བརྩོན་ལེན་བྱས་ཡོད། ཁོང་གིས་ད་དུང་དང་བླངས་པ་ཚོ་སློབ་མར་རི་མོ་སློབ་པར་གདན་དྲངས་ཏེ། ཐུན་མོང་ཐོག“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་རི་མོ་མཉམ་དུ་འབྲི”ཞེས་པའི་རི་མོ་འབྲི་བའི་བྱེད་སྒོ་ལེགས་པར་སྤེལ་ཡོད།
ལྷད་མེད་བརྩེ་སེམས་གཅིག་ནས་འགོ་ཚུགས་པ།
རྫམ་ས་ཚིགས་སློབ་ཆུང་ནི་ཞག་སྡོད་ལམ་ལུགས་ཀྱི་སློབ་ཆུང་ཞིག་ཡིན་ཞིང་། ཕྲུ་གུ་ཁག་གཅིག་སློབ་གྲྭར་བསྡད་ནས་གཟའ་འཁོར་གཅིག་ལ་ཁྱིམ་དུ་ཐེངས་གཅིག་ལས་ལོག་གི་མེད། རྒྱ་ཚ་རྫོང་ལྷ་གསོལ་ཤང་གི་ས་བབ་མཐོ་ཚད་སྨི་3000ལྷག་ཙམ་ལས་མེད་མོད། འོན་ཀྱང་རི་བོ་མཐོ་ཞིང་གྲོག་རོང་ཕུ་ཐག་རིང་བས་ཕྲུ་གུ་ཚོ་སློབ་གྲྭར་སྐྱོད་པའི་ལམ་ཐག་ཧ་ཅང་རིང་པོ་ཡོད།
སློབ་ཆུང་སློབ་མར་མཁོ་ཆེ་ཤོས་ནི་ཁྱིམ་ཚང་གི་གཅེས་སྐྱོང་ཡིན་མོད། འོན་ཀྱང་ཕྲུ་གུ་ཚོ་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱེད་དགོས་ན། དགེ་རྒན་ཞིག་ལ་ཆ་མཚོན་ན་ཕ་མ་ལྟ་བུའི་འགན་ཁུར་ནས་ཕྲུ་གུ་ཚོར་གཅེས་སྐྱོང་བྱེད་དགོས་ཀྱི་ཡོད། དེས་ན་ཅང་ཞན་ཐེང་གིས་དུས་རྒྱུན་ནས་ཕྲུ་གུ་ཚོར་འཚོ་བའི་ཐད་རོགས་རམ་གང་ཐུབ་བྱེད་ཀྱི་ཡོད།
འཚོ་བར་ལྟ་རྟོག་གང་ཐུབ་བྱས་པ་ལས་ཕྲུ་གུ་ཚོས་རང་ཁྱིམ་དུ་སླེབས་པ་ལྟ་བུའི་དྲོ་སྐྱིད་ཚོར་བ། ཅང་ཞན་ཐེང་ལ་ཕྲུ་གུ་ཚོས་ཀྱང་དགའ་པོ་བྱེད་ཅིང་། ངལ་གསོ་འཇོག་པ་དང་ལས་རེས་འཁེལ་བ་སོགས་ཀྱི་སྐབས་སུ་ཅང་ཞན་ཐེང་གི་ཉལ་ཁང་དུ་སྡོད་རོགས་ལ་ཡོང་མཁན་སློབ་མ་མང་པོ་ཡོད་པ་དང་། ཐ་ན་ཕྲུ་གུ་ཁག་གཅིག་སློབ་ཆུང་ཐོན་ནས་གུང་གསེང་རིང་ཁྱིམ་དུ་ལོག་རྗེས་རྫམ་ས་ཚིགས་སློབ་ཆུང་དུ་དགེ་རྒན་ཅང་ལགས་དང་སྙིང་གཏམ་ཤོད་པར་ཡོང་བའམ་ཡང་ན་དྲ་རྒྱ་བརྒྱུད་ཁོང་དང་བརྙན་ལམ་ནས་ཁ་བརྡ་གློད་ཀྱི་ཡོད།
རི་ཁྲོད་དུ་རྩ་བ་ཚུགས་ནས་ལོ་བཅུ་སོང་རིང་རྨང་གཞིའི་སློབ་གསོའི་འཐབ་ཕྱོགས་སུ་ཅང་ཞན་ཐེང་གིས་བློ་གཅིག་སེམས་གཅིག་ངང་བརྟན་སྲུང་དང་འབད་བརྩོན་བྱས་པར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཁས་ལེན་ཐོབ་ཡོད།