དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་རིག་རྫས་ལས་རིགས་ཀྱིས་ཉར་ཚཌ་བྱས་པའི་རིམ་པ་དང་པོའི་རིག་དངོས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-15

    རིག་དངོས་ཐོན་ཁུངས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་རིག་དངོས་སྲུང་སྐྱོང་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གཞུང་ཁོངས་རིག་རྫས་ཚན་པས་ཉར་ཚགས་བྱས་པའི་རིམ་པ་དང་པོའི་རིག་དངོས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད། ད་ཐེངས་ཁྱབ་བསྒྲགས་བྱས་པའི་རིག་དངོས་ཀྱི་མིང་ཐོར་མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་དང་། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་། མཚོ་སྔོན་མ་རྡུལ་གྲོང་ཁྱེར་དྲན་གསོ་ཁང་སོགས་རིག་རྫས་ཚན་པ་མང་པོ་ཡོད་པ་དང་ཁྱོན་བསྡོམས་རྩ་ཆེའི་རིག་དངོས་ཁག(ཆ་ཚང)540ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རིག་དངོས་དེ་དག་ལོ་རྒྱུས་དུས་སྐབས་མང་པོ་བརྒྱུད་མྱོང་བ་དང་སྣ་ཁ་ཕུན་སུམ་ཚོགས་པོ་ཡོད་པས་ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་ལ། མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་ཀྱི་གསོན་ཉམས་དོད་པའི་དཔང་རྟགས་ཤིག་ཀྱང་རེད། དེའི་ཁྲོད་མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཆི་ཅཱ་རིག་གནས་ཀྱི་རྡོའི་རོལ་ཆས་ནི་རང་རྒྱལ་ལ་ད་བར་རྙེད་པའི་ལི་ཆས་དུས་རབས་སྔ་དུས་ཀྱི་རིགས་གཅིག་པའི་རོལ་ཆས་ཁྲོད་ནས་ཆེ་ཤོས་ཤིག་ཡིན་ལ། དུས་ཚོད་སྔ་ཤོས་ཀྱི་རྡོའི་རོལ་ཆས་ཤིག་ཀྱང་ཡིན་པ་དེར“རྨ་ཆུའི་རྡོའི་རོལ་ཆས་ཀྱི་ཕུད”ཅེས་འབོད་ཅིང་། རང་རྒྱལ་གྱི་གནའ་བོའི་རོལ་དབྱངས་ཀྱི་ལོ་རྒྱུས་དང་། རོལ་ཆ་བཟོ་རྩལ། ཆི་ཅཱ་རིག་གནས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་སོགས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། མིང་ཡུང་ལོའི་སྐབས་ཀྱི་གསེར་ཟངས་ལས་གྲུབ་པའི་སྤྱན་རས་གཟིགས་སྐུ་ཚད་ཆེ་ལ་བཟོ་རྩལ་ལེགས་པ་དང་གཟུཌ་དབྱིབས་མཛེས་པས། རང་རྒྱལ་གནའ་རབས་ཀྱི་གསེར་ཟངས་ལས་གྲུབ་པའི་སྐུ་བརྙན་སྒྱུ་རྩལ་བརྩམས་ཆོས་རྩེ་གྲར་ངོས་འཛིན་བྱེད་ཅིང་། དེ་ནི་ཡུང་ལོ་ཕོ་བྲང་གི་སྐུ་བརྙན་སྒྱུ་རྩལ་གྱི་མཚོན་བྱེད་བརྩམས་ཆོས་ཡིན་ལ། མིག་སྔར་རང་རྒྱལ་ནས་རྙེད་པའི་སྐུ་ཚད་ཆེ་ཤོས་ཀྱི་ཡུང་ལོ་ཕོ་བྲང་གི་གསེར་ཟངས་ལས་གྲུབ་པའི་སྐུ་བརྙན་ཞིག་ཀྱང་ཡིན་པས། མིང་རྒྱལ་རབས་ཀྱི་ནང་བསྟན་རིག་གནས་དང་བརྐོས་མའི་སྒྱུ་རྩལ་དང་དེ་བཞིན་ཕོ་བྲང་གི་སྐུའི་སྣང་བརྙན་སོགས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། མཚོ་སྔོན་མ་རྡུལ་གྲོང་ཁྱེར་དྲན་གསོ་ཁང་དུ་ཉར་ཚགས་བྱས་པའི་ལག་སྐོར་རྩིས་འཁོར་ནི་སོ་གྲངས་འགྱུར་རུང་བའི་སོ་འཁོར་རྩིས་འཁོར་ཞིག་ཡིན། སོ་འཁོར་འགུལ་ན་སྟབས་བདེའི“སྣོན་འཕྲི་བསྒྱུར་བགོས”བཅས་ཀྱི་རྩིས་རྒྱག་ཐུབ་པས། རྡུལ་ཕྲན་འབར་མདེལ་ཞིབ་བཟོའི་ལོ་རྒྱུས་སུ་སྐད་གྲགས་ཆེ་བའི“རྩིས་རྒྱག་ཐེངས་དགུའི”ཁྲོད་གྲངས་གཞི་རྩིས་རྒྱག་གི་ལས་འགན་འབོར་ཆེན་ཁུར་ཡོད་པ་དང་སྤྱིར་བཏང་མིན་པའི་རྩིས་རྒྱག་གྲུབ་འབྲས་ཐོབ་ཡོད་པས། རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་ཆིང་འབར་མདེལ་དང་པོ་ཞིབ་བཟོ་བྱེད་རིང་གི་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་ལ་དཔང་པོ་བྱས་ཡོད་ལ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སོགས་རྒྱལ་གཅེས་རིང་ལུགས་སྙིང་སྟོབས་ཀྱི་ལམ་ཚད་རྡོ་རིང་བཙུགས་ཡོད།

    ད་ཐེངས་མཚོ་སྔོན་ཞིང་ཆེན་གྱི་གཞུང་ཁོངས་རིག་རྫས་ཚན་པས་ཉར་ཚགས་བྱས་པའི་རིམ་པ་དང་པོའི་རིག་དངོས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱེད་པའི་དམིགས་ཡུལ་ནི། སྤྱི་དམངས་ཚོས་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཤུལ་བཞག་ཤེས་རྟོགས་དང་སྤྱི་ཚོགས་ཡོངས་ཀྱིས་རིག་དངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་རིག་དངོས་སྲུང་སྐྱོང་ཁྲོད་ཧུར་ཐག་ཞུགས་ཏེ་རྩ་ཆེའི་ལོ་རྒྱུས་རིག་གནས་ལ་མཉམ་དུ་སྲུང་སྐྱོང་བྱ་ཆེད་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།