མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་གིས།
ཐོན་ཁུངས་ཀྱི་སྤུས་རྟགས་བཏོད། ཕྱུག་འགྱུར་གྱི་ལམ་བུ་ཡངས།
འདི་ནི་རྒྱ་མ་ཤང་གི་གྲོང་ཚོ་ཁག་གིས་བགོ་འགྲེམས་ལེན་བཞིན་པ།
འདི་ནི་མཉམ་ལས་ཁང་གིས་2024ལོའི་ལོ་འཁོར་གྱི་ཕུལ་བྱུང་ལས་མིར་གཟི་བརྗིད་ལག་ཁྱེར་སྤྲོད་བཞིན་པ།
འདི་ནི་མཉམ་ལས་ཁང་གི་ཁོངས་མིས་དགའ་ཚོར་ཆེན་པོས་བགོ་འགྲེམས་ལེན་བཞིན་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་གིས་ས་གནས་དེ་གའི་དོན་དངོས་ལ་གཞི་ཚུགས་ཏེ་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། མང་ཚོགས་རང་ས་རང་ཡུལ་ནས་བྲལ་མི་དགོས་པར་འབབ་འཕར་ཕྱུག་འགྱུར་བྱུང་བ་དང་། བདེ་སྡོད་དང་ལས་བརྩོན་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་ཡོད།
དེ་སྔ་འཕྲུལ་ཆས་ཁ་ཐོར་དང་ལས་ཕྱོད་དམའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཆེད། 2020ལོར་རྒྱ་མ་ཤང་གིས་ས་གནས་དེ་གའི་མང་ཚོགས་ཀྱི་སྔོག་འཕྲུལ་དང་བླུག་འཁོར་སོགས་ཐོན་ཁུངས་ཟླ་སྒྲིལ་བཏང་སྟེ་གཡུ་མཚོ་ཕྱོགས་བསྡུས་འཕྲུལ་ཆས་བོགས་གཏོང་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། མཉམ་ལས་ཁང་གིས་ཁྲོམ་ར་ཅན་གྱི་འཁོར་རྒྱུག་མཐའ་འཁྱོངས་བྱས་ཏེ་འཕྲུལ་ཆས་སྒྲིག་ཆས་ལ་གཅིག་གྱུར་དོ་དམ་དང་གཅིག་གྱུར་བཀོད་སྒྲིག་བྱས་པ་བརྒྱུད་ལས་སྒོའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པས་དཔལ་འབྱོར་ཕན་འབྲས་ལོ་རེ་བཞིན་ལེགས་སུ་ཕྱིན་པ་རེད། མིག་སྔའི་བར། རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་དུང་ཕྱུར་2ཙམ་བྱུང་བ་དང་། འཕྲུལ་ཆས་བོགས་གཏོང་གི་གྲོན་དངུལ་སྒོར་དུང་ཕྱུར་1.9ལྷག་ཙམ་སྤྲད་པ། ཁེ་སྤོགས་སྒོར་ཁྲི་270བགོས་པ། འཕྲུལ་ཆས་སྣ་ཚོགས་145ཡོད་པ་རེད། མཉམ་ལས་ཁང་གི་སྐུལ་ཁྲིད་འོག་རྒྱ་མ་ཤང་གི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་ཁང་དུ་ད་ཆ་ལས་མི་11ཡོད་པ་དང་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་7ཙམ་ཡོད་པ་དང་། ས་གནས་དེ་གའི་ཞིང་འབྲོག་པ་141གི་ལས་ཞུགས་གནད་དོན་སྔ་རྗེས་སུ་ཐག་གཅོད་བྱས་ནས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་9.5ཙམ་ཡོད་པ་རེད། གཞན་ཡང་མཉམ་ལས་ཁང་གིས་ད་དུང་རྒྱ་མ་ཤང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཁོར་ཡུག་ལེགས་སུ་གཏོང་བར་གླ་ཆ་སྤྲོད་མི་དགོས་པར་འཕྲུལ་ཆས་ཀྱི་ཞབས་འདེགས་ཞུས་ཏེ་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་རམ་འདེགས་བྱས་པ་རེད།
ཉེ་ཆར། གཡུ་མཚོ་ཕྱོགས་བསྡུས་འཕྲུལ་ཆས་བོགས་གཏོང་ཆེད་ལས་མཉམ་ལས་ཁང་གིས་རྩི་རྩི་རོང་གྲོང་ཚོ་ཨུ་ལྷན་དུ་2024ལོའི་ལོ་འཁོར་གྱི་ཁེ་སྤོགས་བགོ་འགྲེམ་མཛད་སྒོ་འཚོགས་ནས་འབྲེལ་ཡོད་གྲོང་ཚོ་ཁག་ལ་ཁེ་སྤོགས་དངུལ་གྲངས་ཚང་ངང་སྤྲད་པ་རེད། དེ་དང་ཆབས་ཅིག དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་24ལ་རིན་ཐང་བསྡོམས་འབོར་སྒོར་ཁྲི་2.6ཟིན་པའི་འཚམས་འདྲིའི་དངོས་པོ་དང་དངུལ་སྤྲད་པ་དང་མཉམ་ལས་ཁང་གི་ཕུལ་བྱུང་འཁོར་བདག་8ལ་བྱ་དགའ་སྒོར་ཁྲི་1.8སྤྲད་པ་རེད། འཚམས་འདྲི་རོགས་སྐྱོར་བྱས་པ་བརྒྱུད་དཀའ་ངལ་ཡོད་པའི་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དངོས་སུ་ཚོར་བ་དང་མང་ཚོགས་དེ་བས་མང་བ་མཉམ་ལས་ཁང་གི་གཉེར་སྐྱོང་ནང་ཞུགས་རྒྱུར་སྐུལ་ལྕག་ཐུབ་ཡོད།
“ང་ལ་མཉམ་ལས་ཁང་གི་ལོ་མཇུག་གི་ཁེ་སྤོགས་རག་པ་མ་ཟད། ད་དུང་འཚམས་འདྲིའི་དངུལ་ཡང་རག་བྱུང་། མཉམ་ལས་ཁང་གིས་ང་ལ་དམིགས་བསལ་གྱི་ལྟ་རྟོག་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། སླད་ཕྱིན་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་འཚམས་འདྲིའི་དངུལ་རག་པའི་པ་སངས་ཀྱིས་སེམས་འགུལ་ཐེབས་བཞིན་བརྗོད།
“མཉམ་ལས་ཁང་བཙུགས་ཚུན། རིམ་རྩིས་བརྒྱབ་ན་མང་ཚོགས་ལ་ཁྱོན་བསྡོམས་ཡོང་འབབ་སྒོར་ཁྲི་270བགོ་བཤའ་བརྒྱབ་ཡོད”མཉམ་ལས་ཁང་གི་ལས་དོན་པ་བུ་ཆུང་གིས་མཉམ་ལས་ཁང་ལ་ད་ལྟའི་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་མཛུབ་ཁྲིད་དང་རྒྱ་ཆེའི་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་བཅས་དང་ཁ་འབྲལ་ཐབས་མེད། འབྱུང་འགྱུར་མཉམ་ལས་ཁང་གིས་མུ་མཐུད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ལས་སྒོའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།