ཁྲལ་བསྡུའི་གྲངས་གཞི་ལས་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་བ་མངོན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་གསར་འགོད་པས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གྲངས་གཞི་ལས་མངོན་པར། 2024ལོའི་ཟླ་10པ་ནས་2025ལོའི་ཟླ་2པ་བར་རྒྱལ་ཡོངས་ཁེ་ལས་ཀྱི་བྲིན་ཚོང་ཡོང་འབབ་འཕར་ཚད་2024ལོའི་དུས་ཚིགས་གསུམ་པ་དང་བསྡུར་ན་བརྒྱ་ཆའི་གྲངས་1.1འཕར་བ་དང་དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་མུ་མཐུད་མངོན་ཡོད། 2024ལོའི་ཟླ་9པའི་ཟླ་མཇུག་ནས་བཟུང་འཕར་ཚད་སྲིད་ཇུས་སྦབ་ཆ་གཅིག་རྒྱུན་མཐུད་ངང་སྤེལ་བ་དང་ཆབས་ཅིག་དུས་འགོར་བཏོན་ཟིན་པའི་གསོག་འབོར་སྲིད་ཇུས་ལག་བསྟར་བྱས་པར་ཕན་འབྲས་ཐོན་པས་ཁྲོམ་རའི་གདེང་ཚོད་ནུས་ལྡན་ངང་ཆེ་རུ་ཕྱིན་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་ཕྱིན་ཡོད།
གྲངས་གཞི་ལས་མངོན་པར། བཟོ་སྐྲུན་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་སྒྲིག་ཆས་བཟོ་སྐྲུན་གྱི་འདེགས་སྐྱོར་ནུས་པ་ཅུང་ཆེན་པོ་ཡོད། 2024ལོའི་ཟླ་10པ་ནས་2025ལོའི་ཟླ་2པ་བར་བཟོ་སྐྲུན་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་3.6%འཕར་ཡོད། དེའི་ནང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་8.7%འཕར་ཡོད།
དེ་དང་ཆབས་ཅིག་ལག་རྩལ་མཐོ་བའི་ཐོན་ལས་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་10.6%འཕར་བ་དང་། དེའི་ནང་ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་11.7%དང་9%སོ་སོར་འཕར་ཡོད། གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་5.6%འཕར་ཡོད།