ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་748གཅིག་སྡུད་ཐོག་ལས་འགོ་ཚུགས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་2025ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་ཏེ། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་748ལས་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད། ལྷ་ས་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་ལྔ་པའི་འཛུགས་སྐྲུན་རྣམ་གྲངས་ནི་ད་ཐེངས་ཀྱི་ལས་འགོ་ཚུགས་པའི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་། རྣམ་གྲངས་ཀྱི་མ་འཇོག་བསྡོམས་འབོར་སྒོར་ཁྲི་28741.96ཟིན་པ་དང་ས་རྒྱ་མུའུ་124.5ཡོད་པ་རེད། རྣམ་གྲངས་དེ་ལས་མཇུག་འགྲིལ་རྗེས། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ཚད་ལྡན་སློབ་མ་བསྡུ་བའི་གྲངས་འབོར་2400མང་དུ་ཕྱིན་ནས་ལྷ་ས་གྲོང་ཁྱེར་གྱི་སྤྱིར་བཏང་མཐོ་རིམ་སློབ་འབྲིང་དུ་ཚུད་ཁག་པའི་སྣང་ཚུལ་ལེགས་སུ་འགྲོ་རྒྱུ་དང་ཆབས་ཅིག སྟག་རྩེ་གྲོང་ཁུལ་དུ་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭ་མེད་པའི་སྟོང་ཆའང་ཁ་གསབ་ཐུབ་རྒྱུ་རེད།
ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཧྥན་ཧྥེང་ཞུས་ཀྱིས། ལས་གྲྭའི་སྤུས་ཚད་འཛུགས་སྐྲུན་གྱི་ཚད་གཞི་དང་ཚད་ལྡན་ཅན་གྱི་སློབ་གྲྭ་འཛུགས་སྐྲུན་གྱི་བླང་བྱ་ལྟར། ཨར་ལས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་དང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་གྲྭའི་སྤུས་ཚད་འགན་འཁྲིའི་གདུབ་ཟུམ་འབྲེལ་ཐག་ཆགས་པར་སྐུལ་འདེད་བཏང་སྟེ། ཨར་ལས་ཀྱི་བཟོ་རྩལ་ཚད་གཞི་དང་ལག་རྩལ་ཚད་གཞིའི་སྒྲིག་བཀོད་སྒྲིག་ཆས་སོགས་ཕྱོགས་ཡོངས་ནས་ཚད་གཞི་ལོན་པའི་འགན་ལེན་བྱས་ནས། ལྷ་ས་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་ལྔ་པ་དེ་ཉིད་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་དང་དགེ་སློབ་བློ་ཡིད་ཚིམ་པའི་ལས་གྲྭ་སྤུས་ལེགས་ཤིག་ཏུ་བསྐྲུན་རྒྱུར་འབད་བརྩོན་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།