དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “དམངས་འཚོའི་གསལ་ཐོ”“བདེ་སྐྱིད་ཀྱི་རྩིས་ཐོར”འགྱུར་བར་བྱེད་དགོས།

    རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-12

    རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་དམངས་འཚོའི་ནང་དོན་ལས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གང་ལེགས་མཚོན་པ་དང་། དེས་མི་དམངས་མང་ཚོགས་ཀྱི་རེ་སྒུག་ལ་ལན་ཡག་པོ་བསློགས་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གཞིས་རྩེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཧྥང་ཧུང་གིས། “སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང‘བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ཡག་པོ་བྱས་ཏེ། གཙོ་གནད་ས་ཁུལ་གྱི་སྡོད་ཁང་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཡོམ་འགོག་ནུས་པ་ཆེ་རུ་གཏོང་དགོས་པ”གཙོ་གནད་ལས་དོན་ལ་བཞག་ཡོད། དེས་ང་ཚོས་དམངས་འཚོའི་ལས་དོན་དང་། ལྷག་པར་དུ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཡག་པོ་སྒྲུབ་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་མཁོ་འདོན་བྱས་ཡོད”ཅེས་གསུངས།

    ཟླ་3ཚེས་6ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ཀྱི་འཐུས་མི་ཚོགས་པས་སྒོ་དབྱེའི་ཚོགས་པ་དང་ཚོགས་ཆུང་གི་བྱེད་སྒོ་སྤེལ་བ་དང་། ཝང་ཧྥང་ཧུང་གིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། “གཞིས་རྩེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས། གནོད་འཚེའི་གྱོང་གུན་ཕྱོགས་ཡོངས་ནས་གསལ་རྟོགས་དང་། སླར་གསོ་བསྐྱར་སྐྲུན་གྱི་རྨང་གཞི་བརྟན་དུ་གཏོང་བ། ཚན་རིག་དང་མཐུན་པའི་བསྐྱར་སྐྲུན་གྱི་ཇུས་གཞི་བཟོ་འགོད། སླར་གསོ་བསྐྱར་སྐྲུན་གྱི་རྩེ་རིམ་ཇུས་འགོད་ལ་དམ་འཛིན་ཡག་པོ། འཆར་འགོད་ཇུས་འགོད་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་སླར་གསོ་བསྐྱར་སྐྲུན་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡོང་བར་སྣེ་ཁྲིད་བཅས་བྱས་ཏེ། གནོད་འཚེ་ཕོག་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་གི་ཡིན”ཞེས་གསུངས།

    ས་ཡོམ་བརྒྱབ་རྗེས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཁབ་པུའུ་ཨུད་ཀྱི་མཛུབ་ཁྲིད་ནུས་ལྡན་འོག རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱིས་འཕྲལ་མར་ལྗོངས་ཕྱི་ནང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་640 ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། ཕྱོགས་ཡོངས་དང་དངོས་ཡོད་ཀྱི་སྒོ་ནས་གནོད་འཚེའི་གྱོང་གུན་ལ་ཚོད་སྐོར་བྱས་པ་དང་། ཉིན་གཉིས་པར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་དུས་འགོའི་ལས་དོན་སྤེལ་འགོ་ཚུགས་པ། ཉིན་གསུམ་པར་རྩད་ཞིབ་དང་། ཐིག་ལེན་རིས་འབྲི། ཇུས་འགོད་བཅས་ཚན་པ་9ཡི་ལག་རྩལ་མི་སྣ་560ལྷག་ཙམ་གྱིས་འཆར་འགོད་ཇུས་འགོད་བྱས་པ། ཉིན་བཞི་པར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་ཇུས་གཞིའི་བཟོ་འགོད་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་བཅས་རེད།

    ཝང་ཧྥང་ཧུང་གིས། “མིག་སྔར། འཆར་འགོད་ཇུས་འགོད་སོགས་ཀྱི་དུས་འགོའི་ལས་དོན་གཞི་རྩའི་ཆ་ནས་གྲུབ་པ་དང་། ཟླ་3ཚེས་3ཉིན། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་དངོས་སུ་འགོ་ཚུགས་པ། ཟླ་3ཚེས་5ཉིན། གནོད་འཚེ་ཕོག་ཁུལ་གྱི་སློབ་གྲྭ་དག་གྲོང་ཁྱེར་ཡོངས་དང་མཉམ་དུ་དུས་བཀག་ལྟར་སློབ་འགོ་ཚུགས་པ་རེད། གོམ་སྟབས་རྗེས་མར། གཞིས་རྩེ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་སོགས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཁག་ལ་སྐུལ་འདེད་གང་མགྱོགས་བཏང་ནས། ཟླ་བ་10པའི་ཟླ་མཇུག་གོང་ཞིང་འབྲོག་མང་ཚོགས་ཚང་མ་བདེ་འཇགས་དང་སྐྱིད་སྣང་དོད་པའི་ཁང་པ་གསར་པར་སྡོད་ཐུབ་པ་དང་། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་བསྐྲུན་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན”ཞེས་གསུངས།

    རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་སྐབས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཉི་མས་གཏམ་བཤད་གནང་ནས། “སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ན་ནིང་གི་སྤྱི་ཚོགས་བྱ་གཞག་དང་། ལྷག་པར་དུ། སྨན་བཅོས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཕྱོགས་སྡོམ་བྱས་ཡོད་པས། སྨན་བཅོས་འཐབ་ཕྱོགས་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས། ང་ལ་སྤོབས་པ་ཆེན་པོ་སྐྱེ་གི་འདུག ཡང་སྒོས་སུ་སྨན་བཅོས་ཤེས་ལྡན་མི་སྣའི‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་གྱིས་བོད་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་ལམ་གསར་པ་བཏོད་པ་དང་སྒུལ་ཤུགས་གསར་པ་བསྣན་པ་ངས་དངོས་སུ་དཔང་པོ་བྱེད་ཐུབ”ཅེས་གསུངས།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་འཕེལ་རྒྱས་དང་འགྱུར་ལྡོག་ལས་ཉི་མར་མྱོང་ཚོར་ཟབ་མོ་བྱུང་ཡོད་ཅིང་། པེ་ཅིང་གྲོང་ཁྱེར་གྱིས་སྔ་རྗེས་སུ་ཁག་ཐེངས་10ཡི་རིགས་གཅིག་མཁས་ཅན་171ཁ་གཏད་རོགས་སྐྱོར་ལ་མངགས་ནས། སྨན་ཁང་དེས་སྔ་རྗེས་སུ་རྒྱལ་ཁབ་ཀྱི་བྲང་ནད་ལྟེ་གནས་དང་རྨས་སྐྱོན་སྐྱོབ་བཅོས་ལྟེ་གནས་སོགས“ལྟེ་གནས་ཆེན་པོ་ལྔ”བསྐྲུན་པ་དང་། སྒྲིག་ཁོངས་ཉལ་ཁྲི་2015ལོའི་240ནས་550བར་མང་དུ་བཏང་བ། བོད་སྐྱོར་རིགས་གཅིག་མཁས་ཅན་164དང་སྨན་དོན་མི་སྣ་429ཆ་སྒྲིག་བྱས་པས། མིག་སྔར་སྨན་དོན་མི་སྣས་རང་ཚུགས་ངང་བཀོལ་སྤྱོད་ཐུབ་པའི་ལག་རྩལ་གསར་པ་ཁག་221ཟིན་པ། ནད་ཐོག་ཆེད་ལས་ཚན་ཁག་ཁག་གཅིག་སྟོབས་ཆེར་བཏང་ནས། རྒྱལ་ཁབ་ཀྱི་ནད་ཐོག་གཙོ་གནད་ཆེད་ལས་ཚན་ཁག་གི་འཇུ་ལག་ཁོག་ནད་ཚན་ཁག་དང་སྨན་བཅོས་རིག་ཚན་20ལྷག་ཙམ་གསར་དུ་བསྐྲུན་པ་དང་ནད་རིགས་ཚབས་ཆེན་439ལ“ཐ་སྐྱོང” སྨན་བཅོས་ཐུབ་ཡོད། དེ་ནི་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད་ལ། བོད་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ཡག་པོ་འགྲོ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་རེད།

    ཧྭ་ཏེ་སྨི་སྨན་པ་བྱས་ནས་ལོ་30སོང་ཞིང་། ད་ལྟ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་ཡོན་ཀྲང་གཞོན་པ་རེད། ཧྭ་ཏེ་སྨི་ཡིས་གསར་འགོད་པར། ལོ་མང་རིང་། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་བདེ་ཐང་དགོས་མཁོར་དམིགས་ཏེ། བདེ་ཐང་གི་བོད་ལྗོངས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བར། བོད་ལུགས་དང་། ཀྲུང་ལུགས། ཕྱི་ལུགས་བཅས་ཟུང་དུ་འབྲེལ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཆགས་པ་དང་། རིན་པ་མི་དགོས་པའི་སྨན་བཅོས་རྨང་གཞིར་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་རིམ་བཞིན་བཙུགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་རྒྱལ་ཡོངས་ཀྱི་སྔོན་དུ་ཁྱོན་ཡོངས་ལ་ཁྱབ་ཡོད། སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་སྐུལ་འདེད་བརྟན་པོ་བཏང་བ་དེས་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོར་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད”ཅེས་གསུངས།

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི“དམངས་འཚོའི་གྲུབ་འབྲས”ལ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་དགེ་རྒན་ཆེ་མོ་བ་སྨན་སྐྱིད་མཚོ་མོར་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། ཁོང་གིས། “སྙན་སྒྲོན་ནང‘དམངས་འཚོའི’སྐོར་ཡང་ཡང་བཏོན་པ་དང་། བདེ་ཐང་ཡང་སྔར་རྒྱུན་བཞིན་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཏུ་བཞག་པས། བོད་ཀྱི་གསོ་བ་རིག་པའི་རིགས་ཁོངས་ཚུད་པའི་རྒྱ་ཆེའི་བདེ་ཐང་འཕྲོད་བསྟེན་ལས་དོན་པའི‘སྨན་པ་བྱམས་སེམས་ཅན’གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་དུ་ཕྱིན་ཡོད”ཅེས་གསུངས།

    ཁོང་གིས་བོད་ཀྱི་གསོ་བ་རིག་པའི་རིག་ཚན་འཛུགས་སྐྱོང་ལ་དམིགས་ནས་ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་གྲོས་འཆར་བཏོན་པ་སྟེ། རྒྱུན་འཛིན་དང་གསར་གཏོད་ཁྲོད་ཀྱི་བོད་ཀྱི་གསོ་བ་རིག་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། འབྲེལ་ཡོད་གཙོ་གཉེར་སྡེ་ཚན་གྱིས་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་དང་ཞིབ་འཇུག་གི་འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། བོད་ཀྱི་གསོ་བ་རིག་པའི་རིག་ཚན་དེ་ཉིད་དེ་བས་མཐོ་བའི་དེང་རབས་ཀྱི་ཚན་རིག་མ་ལག་ལས་སྟེགས་སུ་མཐོར་འདེགས་ཡོང་བར་སྔར་བས་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་གསོ་རིག་གི་ནོར་བུའི་བང་མཛོད་ཁྲོད་ཀྱི་བོད་ཀྱི་གསོ་བ་རིག་པའི་འོད་སྟོང་འཕྲོ་བའི་མུ་ཏིག་རྡོག་པོ་དེས་མི་དམངས་ཀྱི་བདེ་རྩ་དེ་བས་ལེགས་པའི་ངང་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།

    མངའ་རིས་ས་ཁུལ་སྨན་རྩིས་ཁང་གི་ཡོན་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས། “རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་གྱིས་གཞི་རིམ་གྱི་སྨན་བཅོས་ལས་ཁུངས་མི་སྣའི་སྒྲིག་ཁོངས་མང་དུ་འོས་འཚམ་བཏང་སྟེ། ཐེམ་ཁུངས་མངའ་རིས་ཀྱི་སློབ་མ་སྔོན་ལ་བསྡུ་བ་དང་། མཐའ་མཚམས་ས་ཁུལ་དང་ས་བབ་མཐོ་བའི་ས་ཁུལ་ལ་དམིགས་ནས་གཟིགས་སྐྱོང་སྲིད་ཇུས་འདོན་པ། མཁའ་འགྲུལ་སྨན་བཅོས་ཀྱི་སྲོག་སྐྱོབ་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱས་ནས། མཐའ་མཚམས་དང་ཐག་རིང་ལུང་ཁུག་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་འགན་སྲུང་ཏན་ཏིག་བྱེད་དགོས་པའི”གྲོས་འགོ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།