རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉི་སྒྲོན་གྱིས་གསུངས་དོན།
ཚན་ཞིབ་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་ཀྱི་ཡིན།
འདི་ནི་ཉི་སྒྲོན་གྱིས་ཚོད་ལྟ་ཁང་དུ་རྩི་ཤིང་གི་མ་དཔེར་ལྟ་ཞིབ་གནང་བཞིན་པ།
ད་ལོའི་ཟླ་2པའི་ཟླ་མཇུག་ཏུ། གསར་འགོད་པ་དང་བཅས་པ་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་རུ་བསྐྱོད་དེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་རྩི་ཤིང་ཕུང་གྲུབ་གསོ་སྐྱོང་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཉི་སྒྲོན་ལ་བཅར་འདྲི་ཞུས་པ་ཡིན།
1994ལོར་སློབ་མཐར་ཕྱིན་རྗེས། ཉི་སྒྲོན་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་རྩི་ཤིང་ཕུང་གྲུབ་གསོ་སྐྱོང་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་ཞིང་། ལོ་མང་རིང་། ཁོང་གིས་ཕྱི་རོལ་དུ་བརྟག་དཔྱད་དང་། རྩི་ཤིང་འདེབས་གསོ། ལྗང་མྱུག་གསོ་སྤེལ། ཕྱི་རོལ་ཡུལ་དུ་འདེབས་པ་སོགས་ཀྱི་ལས་དོན་འབོར་ཆེན་ལ་འགན་འཁུར་བཞིན་ཡོད།
བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་སོན་རྒྱུའི་མཛོད་ཀྱིས་ཕྱི་རོལ་ནས་འཚོལ་བསྡུ་བྱས་པའི་རྩ་ཆེའི་ཐོན་ཁུངས་ལ་གྱེས་གཟུགས་ཉར་ཚགས་དང་མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱེད་པའི་ལས་འགན་གལ་ཆེན་འཁུར་གྱི་ཡོད། ཉི་སྒྲོན་གྱིས། “ང་ཚོ་ཚན་ཞིབ་པའི་བསམ་འདུན་ཆེ་ཤོས་ནི་སྟོངས་ལ་ཉེ་བའི་རྩི་ཤིང་ཁག་གཅིག་གསོ་སྤེལ་ལེགས་གྲུབ་ཐུབ་པ་དང་འབྲེལ། ཕྱི་རོལ་ཡུལ་དུ་འདེབས་གསོ་ཐུབ་པ་བྱ་རྒྱུ་དེ་ཡིན”ཞེས་གསུངས། གསེར་སྐུད་པད་མར་ཆ་བཞག་ན། གསོ་སྤེལ་ལམ་ལྷོངས་བྱུང་རྗེས། མེ་ཏོག་རྫོང་དགྱེ་གླིང་གྲོང་ཚོའི་ཚན་རྩལ་ཆེད་མངགས་པའི་གསོ་སྐྱོང་འོག ད་ཆ་སྐྱེ་འཚར་ལེགས་པོ་དང་གསོན་ཚད་མཐོ་པོ་བྱུང་ཡོད།
རྩི་ཤིང་མང་པོ་ཞིག་ལ་སྨན་སྤྱོད་རིན་ཐང་ལྡན་པས། རི་སྐྱེས་རྩི་ཤིང་ལ་བརྟེན་ཚད་ཆུང་དུ་གཏོང་བ་དང་སྐྱེ་ཁམས་ལ་གཏོར་སྐྱོན་མི་ཕོག་པའི་ཆེད་དུ། 2014ལོར། ཉི་སྒྲོན་གྱི་ཚོགས་པས་ཕུར་མོང་ནག་པོ་གསོ་སྤེལ་ལམ་ལྷོངས་བྱུང་བ་མ་ཟད། འབྲེལ་ཡོད་ཁེ་ལས་ལ་གསོ་སྤེལ་ལག་རྩལ་བརྒྱུད་བཤུག་བཏང་བ་དང་། ད་དུང་ཁེ་ལས་ལ་ལག་བརྒྱུད་པ་གསོ་སྦྱོང་བྱས་པས། རྩི་ཤིང་གི་ཐོན་ཁུངས་སྲུང་སྐྱོང་ཐུབ་པ་མ་ཟད། ཁེ་ལས་ཀྱི་ཐོན་འཕར་ནུས་པའང་ཆེ་རུ་ཕྱིན་ཡོད།
ཉི་སྒྲོན་གྱིས། “སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ་ནི་ལས་འགན་ལྕི་ལ་དུས་ཡུན་རིང་བས། མི་རབས་ཁ་ཤས་ཀྱིས་མུ་མཐུད་འབད་འཐབ་བྱེད་དགོས་ཀྱི་ཡོད” ང་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་ལ་ཚན་ཞིབ་ལས་དོན་པའང་ཡིན་པས། ང་དང་ཚོགས་པས་ཐོག་མའི་བསམ་འདུན་མ་བརྗེད་པར་ནུས་ཤུགས་གང་ཡོད་ཀྱིས་སྐྱེ་དངོས་རིགས་དེ་བས་མང་བ་ཉར་ཚགས་དང་། ཚན་ཞིབ་ཀྱི་གྲུབ་འབྲས་སྤྱད་དེ་ས་གནས་འདི་གའི་ཁེ་ལས་དང་ཐོན་སྐྱེད་སྡེ་ཚན་ལ་རིན་ཐང་ལྡན་པའི་ལྗང་མྱུག་མཁོ་འདོན་བྱས་ནས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང་ས་གནས་འདི་གའི་འཕེལ་རྒྱས་དབར་མཉམ་འགུལ་བཟང་པོ་ཡོང་བར་བྱེད་ཀྱི་ཡིན་ཞེས་གསུངས།