དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲོང་གསེབ་ཀྱི་བཀོད་པ་ལེགས་སུ་བཏང་ནས་དར་རྒྱས་ཀྱི་རྣམ་པ་མངོན་པར་བྱེད་ཀྱི་ཡིན།

    —— རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་ལ་གྲོས་བསྡུར་འཁྲུག་པོ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-11

    2024ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ལེགས་སུ་ཕྱིན་ནས་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་12.5%ཡན་འཕར་བ་དང་། ཞིང་ལས་ཐོན་ལས་ཅན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྣེ་འདྲེན་ཁེ་ལས་3མང་དུ་ཕྱིན་པ། ས་མཐོའི་མཛེས་མཐུན་གྲོང་གསེབ་300གསར་དུ་བསྐྲུན་པ་བཅས། གྲོང་གསེབ་དར་རྒྱས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།

    དེ་དག་ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི“‘ཞིང་གསུམ’ལས་དོན་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས”ཞེས་པའི་དམིགས་ཚད་དང་ཚད་མཐོའི་གཅིག་གྱུར་བྱུང་ཡོད།

    “‘ཞིང་གསུམ’ནི་རྩ་བ་ཡིན་པ་དང་། རྩ་བ་ཚུགས་ན་ལོ་འདབ་རྒྱས་ཐུབ། ང་ཚོས་ཐོག་མཐའ་བར་གསུམ་དུ‘ཞིང་གསུམ’གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དམ་འཛིན་ནན་པོ་བྱེད་ཀྱི་ཡོད། ལས་ཀར་ཐོབ་པའི་གྲུབ་འབྲས་དེ་དག‘གསར་པ་བཞིའི’ཐོག་ནས་སྙིང་བསྡུས་བྱེད་ཆོག་པ་སྟེ། འབྲུ་རིགས་ཐོན་སྐྱེད་དེ་བས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། ཞིང་འབྲོག་ཐོན་ལས་ལ་དེ་བས་གསོན་ཤུགས་གསར་པ་རྒྱས་པ། གྲོང་གསེབ་ཀྱི་རྣམ་པ་དེ་བས་ཡིད་དབང་འཕྲོག་པ། མང་ཚོགས་ཀྱི་འཚོ་བར་དེ་བས་རེ་བ་གསར་པ་ལྡན་པ་བཅས་ཡིན” སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བླང་བྱ་ཇི་ལྟར་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་སྐོར་གླེང་སྐབས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷ་ས་གྲོང་ཁྱེར་གྱི་ཧྲེ་ཀྲང་ཝང་ཆང་གིས་དང་ཐོག་གསར་འགོད་པར་2024ལོའི་ལྷ་སའི“ཞིང་གསུམ”ལས་དོན་གྱི་གྲུབ་འབྲས་ངོ་སྤྲོད་གནང་བ་རེད།

    གྲངས་གཞི་ལས་མངོན་པར། 2024ལོར་ལྷ་སའི་འབྲུ་རིགས་ཐོན་འབབ་ཐེངས་དང་པོར་ཏུན་ཁྲི་17ལས་བརྒལ་ནས་5.4%འཕར་ཞིང་། སྔོ་ཚལ་རང་མཁོ་རང་སྤྲོད་ཐུབ་ཚད་86%ཟིན་པ་དང་། ནས་ཀྱི་རྟེན་གཞི་དང་། སྔོ་ཚལ་གྱི་རྟེན་གཞི། འབྲོག་ལས་ཀྱི་རྟེན་གཞི་བཅས་ཀྱི་བཀོད་པ་མགྱོགས་སུ་བཏང་སྟེ། “སྤུས་རྟགས་གསུམ་དང་ཚད་གཞི་གཅིག”གི་ཞིང་ལས་ཐོན་རྫས་ཀྱི་གྲངས་འབོར་39%འཕར་ནས་71ཟིན་པ། རྒྱལ་ཁབ་རིམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་10དང་རང་སྐྱོང་ལྗོངས་རིམ་པའི་གནས་འཕྲོད་མཛེས་མཐུན་གྲོང་གསེབ་100བསྐྲུན་པ། གྲོང་ཚོ་94ཡི་མཉམ་སྡེབ་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་བརྒྱ་ལས་བརྒལ་བ་དང་། དེའི་ནང་ཆུ་ཤུར་རྫོང་གི་གྲོང་ཚོ་ཡོངས་ལྗོངས་ཡོངས་ཀྱི་མཉམ་སྡེབ་དཔལ་འབྱོར“སྒོར་ཁྲི་བརྒྱ་བརྒལ་བའི་གྲོང་ཚོར”ཐོག་མར་གྱུར་པ་སོགས་མི་རིགས་ཁག་གི་མང་ཚོགས་ཀྱི་ཤ་ཚལ་སྒོང་གསུམ་སོགས་ཀྱི་ཡོང་འབབ་དེ་བས་མང་དུ་ཕྱིན་ནས་ལྷ་སས་ཞིང་ལས་དང་གྲོང་གསེབ་ལས་དོན་གྱི་ཕུལ་བྱུང་གྲུབ་འབྲས་བཏོད་ཡོད།

    སྲིད་གཞུང་གི་ལས་དོན་སྒྲོན་ནང་གྲོང་གསེབ་དར་རྒྱས་སྐོར་གྱི་བཀོད་སྒྲིག་ཐད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་བཀྲ་ཤིས་རྒྱལ་མཚན་གྱིས་གསར་འགོད་པར“དེས་ང་ཚོས་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་སྔར་བས་ལེགས་པར་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད”ཅེས་གསུངས་པ་རེད།

    ད་ལོ་མདོ་ཡུལ་ལྷོ་པ་མི་རིགས་ཤང་གིས་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཤིང་འཛུགས་ནགས་བཟོ་དང་། གྲོང་གསེབ་དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་ལས་གྲྭ མི་ཕྱུགས་ལོགས་དབྱེའི་ལས་གྲྭ མི་སྡོད་ཁོར་ཡུག་བཅོས་སྐྱོང་།“མཛེས་སྡུག་ལྡན་པའི་སྒོ་ར”“ཤང་བཅུ་དང་གྲོང་ཚོ་བརྒྱ”འཛུགས་གཏོད་སོགས་ཀྱི་ལས་དོན་མུ་མཐུད་ལག་བསྟར་བྱས་ནས། གྲོང་ཚོའི་གཙང་སྦྲ་དང་རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་འགུལ་དོན་འཁྱོལ་ཡག་པོ་བྱ་རྒྱུ་རེད།

    ཐོན་ལས་དར་རྒྱས་གཏོང་བ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེ་ཡིན། དེའི་ཐད་བཀྲ་ཤིས་རྒྱལ་མཚན་གྱིས“སྣ་མང་ཅན་གྱི་ཐོན་ལས་ཐབས་ལམ་འཚོལ་ཞིབ་བྱས་ཏེ། རྨ་བྱ་སྔོན་པོ་གསོ་ཚགས་དང་། སྡོང་ཕྲུག་འདེབས་འཛུགས། བྱ་བསེ་རུའི་ཇ་སོགས་ཐོན་ལས་བཅས་དམ་འཛིན་བྱ་གཞིར་བྱས་ནས། ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྐྱོང་དང་། ཐོན་རྫས་ལས་སྣོན་བྱེད་སྟངས་ཟབ་གཏོང་། ཐོན་ལས་འཁོར་འབྲེལ་སྣུར་སྲིང་། མང་ཚོགས་ལས་ཞུགས་དང་འབབ་འཕར་ཡོང་བར་སྐུལ་ཁྲིད་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་དགོས”ཞེས་གསུངས་པ་རེད།

    “ཏང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་མེ་ཏོག་རྫོང་གི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་གོམ་སྟབས་དེ་བས་བརྟན་དུ་ཕྱིན་ཡོད” པད་མ་གཡུ་སྒྲོན་གྱིས། ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་གིས་མེ་ཏོག་གི་སྐྱེ་ལྡན་ཇའི་ཐོན་ལས་ཧུར་ཐག་བཏོད་དེ་མུའུ་ཁྲི་1.9ཡོད་པའི་སྐྱེ་ལྡན་ཇའི་ལྡུམ་ར་103བསྐྲུན་ཡོད། མང་ཚོགས་ཀྱིས་བསྡུ་ལེན་བྱས་པའི་ཇ་ལོ་སོས་པ་རྒྱ་མ་རེར་སྒོར་200བྱས་ནས་བཙོངས་ཐུབ་པས་ཇའི་ཐོན་ལས་དེ་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ཐབས་མཆོག་ཏུ་གྱུར་ཡོད་ཅེས་གསུངས་པ་རེད།

    མེ་ཏོག་རྫོང་གི་འཕེལ་རྒྱས་དང་འགྱུར་ལྡོག་ནི་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་གསེབ་ཕྱོགས་ཡོངས་ཀྱི་དར་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་རེད། འདས་ཟིན་པའི་ལོ་གཅིག་རིང་། གྲོང་ཁྱེར་ཡོངས་ཀྱི་དུད་ཚང་32ཀྱི་མི་118དབུལ་སྒྲོལ་བྱུང་བ་དང་། དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་20.5%འཕར་བ་དང་། ས་མཐོའི་མཛེས་མཐུན་གྲོང་ཚོ་100དང་ཁྱད་ལྡན་གྱི་གཙོ་གནད་གྲོང་ཚོ་དང་གྲོང་རྡལ་14བསྐྲུན་པ། གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་ཉམས་བཟོ་བདག་སྐྱོང་རྣམ་གྲངས་39ལག་བསྟར་བྱས་པས་མང་ཚོགས་ཁྲི་2.23ལ་ཕན་པ་ཐོབ་པ། གྲོང་གསེབ་ཀྱི་བསྐུར་སྐྱེལ་ཟོག་འགྲེམས་ཀྱི“མཐའ་མའི་འགག་གནད”བཤངས་པས་ལྗོངས་ཡོངས་ཀྱི་སྔོན་དུ་མྱུར་སྐྱེལ་ཞབས་ཞུ་ཁྱབ་ཐུབ་པ་བྱུང་ཡོད། 2024ལོར་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་49588དང་སྒོར་27614སོ་སོར་ཟིན་ནས་7%དང་8.5%སོ་སོར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།